རྒྱ་གར་རང་བཙན་ཐོབ་ནས་ལོ་དྲུག་ཅུ་རེ་གསུམ་འཁོར་བ།

དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་ནི་རྒྱ་གར་རྒྱལ་ཁབ་ལ། དབྱིན་ཇིའི་མི་སེར་སྤེལ་ཡུལ་ལམ་ལུགས་འོག་ནས་རང་བཙན་ཐོབ་པའི་ཉིན་མོ་ཡིན་པ་དང། དེ་ཡང་༡༩༤༧ ལོའི་ཟླ་༨ ཚེས་༡༥ ཉིན་རྒྱ་གར་ལ་རང་བཙན་ཐོབ་པ་དང། ད་ལྟའི་བར་མི་ལོ་དྲུག་ཅུ་རེ་གསུམ་རིང་རྒྱལ་གར་གཞུང་གིས་དེང་རབས་ཅན་གྱི་ཚོང་ལས་དང། འཕྲུལ་ལས། དམག་དོན། ཚན་རིག འཕྲོད་བསྟེན། ཤེས་ཡོན་སོགས་ཀྱི་ཐད་ལ་དམིགས་སུ་བཀར་ནས་ཡར་རྒྱས་བཏང་ཡོད་པས། དེང་སྐབས་རྒྱ་གར་རྒྱལ་ཁབ་འཛམ་གླིང་ནང་ཡར་རྒྱས་དང་བཟོ་ལས་འཕེལ་རྒྱས་མགྱོགས་ཤོས་ཀྱི་ཁོངས་སུ་ཚུད་ཡོད་པ་རེད།

indenpence day15august_2010རྒྱ་གར་དབུས་ཀྱི་ལྟེ་གནས་ལྡི་ལི་གསར་པར། རང་བཙན་ཐོབ་པའི་ཉིན་མོ་སྲུང་བརྩི་ཞུས་པའི་མཛད་སྒོའི་ཐོག སྲིད་བློན་མན་མཱོ་ཧན་སིན་མཆོག་གིས་སྐར་གྲངས་༣༠ ཙམ་གྱི་རིང་གསུང་བཤད་གནང་ཡོད་པ་དང། སྐབས་དེར་ཁོང་གིས། ཉེ་དུས་ཛ་དྲག་ཏུ་འགྲོ་བཞིན་པའི་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་ཀྱིས་འཐབ་རྩོད་བྱེད་ཡུལ་ཀ་ཤི་རྨིར་སྐོར་ལ་དམིགས་བཀར་གྱིས་གསུང་བཤད་གནང་ཡོད་པ་རེད། དེ་ཡང་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་ཀྱི་སྟངས་འཛིན་འོག་ཡོད་པའི་ཀ་ཤི་རྨིར་ས་ཁུལ་དེའི་དོན་དུ། བདེ་སྲུང་མི་སྣ་དང་འཇིགས་སྐུལ་རིང་ལུགས་པ། དེ་བཞིན་མི་མང་དཀྱུས་མ་དང་ངོ་རྒོལ་བ་སོགས་ཀྱིས། དུས་ནས་དུས་སུ་འཐབ་འཁྲུག་བྱས་ནས་དོན་མེད་མི་མང་པོ་རྐྱེན་ལམ་དུ་འགྲོ་བཞིན་ཡོད་པ་དང། ལྷག་དོན་འདས་པའི་ཟླ་གྲངས་༢ ཙམ་གྱི་རིང་ལ་མི་༥༧ ཙམ་རྐྱེན་ལམ་དུ་སོང་ཡོད་པས། གནད་དོན་དེ་དག་སེལ་ཆེད་དུ་རྒྱ་གར་གཞུང་གི་ངོས་ནས་གྲོས་མོལ་བྱེད་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཉེ་དུས་ཨ་རིའི་གསང་བའི་ལས་ཁུངས་ཀྱིས། རྒྱ་གར་རང་བཙན་ཉིན་མོར་འཇིགས་སྐུལ་རིང་ལུགས་པ་ཚོས་དྲག་སྤྱོད་བྱེད་སྲིད་པས། ངེས་པར་དུ་དོགས་ཟོན་བྱེད་དགོས་པའི་ཉེན་བརྡ་བཏང་བ་ལྟར། མདེལ་འགོག་ཤེལ་སྒྲོམ་བརྒྱུད་ནས་སྲིད་བློན་མཆོག་གིས་གསུང་བཤད་གནང་ཡོད་པ་དང། ལྡི་ལི་གསར་པའི་ཁྲོམ་གཞུང་ཁག་ནང་དམག་མི་དང་ཉེན་རྟོག་པ་༨༠༠༠༠ ལྷག་ཙམ་གྱིས། གོ་ལག་རང་འགྲིག་གི་ཐོག་ནས་སྲུང་སྐྱོབ་བྱས་ཡོད་པ་རེད།

{jcomments on}