བཀའ་ཁྲི་འོས་མིའི་བགྲོ་གླེང་ཆེན་མོ་གྲ་སྒྲིག

ཟླ་འདིའི་ཚེས་ ༡༣ ཉིན་སྦེལ་ཀོབ་གཞིས་གྲོང་གཉིས་པར།  སྦེལ་ཀོབ་བཀའ་ཁྲིའི་བགྲོ་གླེང་ཆེན་མོའི་གྲ་སྒྲིག་ཚོགས་ཆུང་ཞེས་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། དགུང་གྲངས་བདུན་བཅུ་དོན་ལྔར་ཕེབས་པའི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཁོང་ནི་ཕྱེད་རྒན་ཡོལ་ཡིན་པ་དང་།  བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ཐུགས་འགན་མི་མང་གིས་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པ་མཆོག་གིས་འཁྱེར་གྱི་ཡོད་པ་ཡོངས་བསྒྲགས་གནང་ཡོད།

དེར་བརྟེན་བཀའ་བློན་ཁྲི་པ་མཆོག་ནི་བོད་པ་མི་མང་གིས་ངོས་འཛིན་བྱས་པའི་བཙན་བྱོལ་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་དབུ་ཁྲིད་ཆགས་ཡོད། དེ་ཡང་བཙན་བྱོལ་བོད་གཞུང་གི་མང་གཙོའི་འཕེལ་རིམ་གྱི་གནས་ཚད་མུ་མཐུད་ཡར་རྒྱས་གཏོང་རྒྱུ་དེ་བོད་ཀྱི་རྩ་དོན་ཐོག་སྡུག་ས་ནས་གྲ་སྒྲིག་གང་བྱེད་ཀྱི་རྩ་བའི་རྨང་གཞི་ཆགས་ཡོད་ལ།  མི་མང་གིས་ཐད་ཀར་འོས་འདེམས་ཞུས་པའི་བཀའ་ཁྲི་མཆོག་གིས་བོད་ཀྱི་ཆབ་སྲིད་དབུ་ཁྲིད་ཀྱི་གཙོ་འགན་ཁུར་རྒྱུའི་དུས་རིམ་ནང་འགྲོ་བཞིན་པ་འདི་ནི་སྡུག་ས་ནས་གྲ་སྒྲིག་བྱེད་པའི་གོམས་སྟབས་ཧ་ཅང་གལ་ཆེན་ཞིག་ཡིན།  བོད་པ་མི་མང་གི་ངོས་ནསཀྱང་བཀའ་བློན་ཁྲི་པ་མི་མང་གི་མངོན་འདོད་ཐོག་བསྐྱོད་ཐུབ་མཁན་ཞིག་ངེས་པར་འདེམས་དགོས་པ་དུས་ཀྱི་དགོས་མཁོ་དང་ལས་འགན་ཆགས་ཡོད།

དེ་བས་བོད་དོན་ལ་ཐུགས་འགན་འཁྱེར་ཐུབ་མཁན་གྱི་བཀའ་བློན་ཁྲི་པ་ཞིག་འདེམས་པ་ལ་འོས་མིག་ཏུ་སླེབས་པའི་མི་སྣ་དག་གི་མ་འོངས་འཆར་གཞི་དང་།  ད་ལྟའི་ཤེས་ཡོན།  འདས་པའི་ལོ་རྒྱུས་བཅས་གང་ཐད་ནས་མང་ཚོགས་ལ་གོ་རྟོགས་ཡོང་ཆེད་བཙན་བྱོལ་བོད་མིའི་མི་འབོར་མང་ཤོས་གནས་པའི་བསྟི་གནས་ཤིག་ཏུ་《བཀའ་ཁྲིའི་བགྲོ་གླེང་ཆེན་མོ་》ཞིག་འཚོགས་གཏན་འཁེལ་བ་ཡིན་ཅེས་དང་། སྐབས་དེའི་གཏམ་བཤད་པ་མི་སྣ་དག་ནི་བཀའ་ཁྲིའི་འོས་མིག་གི་ས་བོན་དུ་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་ནས་བཏོན་པའི་མི་སྣ་བཅུ་གསུམ་ལ་མགྲོན་བརྡ་ཕུལ་བ་ནས།  ད་ལྟ་བཀའ་ཁྲིའི་བགྲོ་གླེང་ཆེན་མོ་འདིར་བཅར་རྒྱུའི་ཞལ་བཞེས་ཐོབ་པ་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། མཁས་དབང་བློ་བཟང་སེང་གེ།  ཚོགས་གཙོ་སྤེན་པ་ཚེ་རིང་། ཚོགས་གཞོན་རྒྱ་རི་སྒྲོལ་མ། འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ། བཅས་མི་ལྔ་བྱུང་ཡོད་འདུག སྦེལ་ཀོབ་བཀའ་ཁྲིའི་བགྲོ་གླེང་ཆེན་མོའི་གྲ་སྒྲིག་ཚོགས་ཆུང་ནི་བོད་དོན་དང་བཀའ་ཁྲིའི་སྐོར་ལ་བློ་མཐུན་པ་ཁག་གཅིག་གིས་དྭངས་བླང་གིས་བྱུང་བ་ཞིག་ཡིན་ཞེས་འཁོད་འདུག།

{jcomments on}