༧གོང་ས་མཆོག་དྭགས་པོ་བཤད་སྒྲུབ་གླིང་དུ་ཆིབས་བསྒྱུར།
དེར་༧གོང་ས་མཆོག་གིས་སེར་སྐྱ་རྣམས་ལ་བཀའ་སློབ་བསྩལ་དོན། བོད་གངས་ཅན་གྱི་ལྗོངས་སུ་མངའ་བདག་གཉིས་ཞེས་ཕྱོགས་གཅིག་ནས་བསླབ་པ་སློབ་གཉེར་དང། དགོན་པའི་སྒྲིག་ཁྲིམས་ཚུན་ཆད་ཆ་འཇོག་ས་དང་ཚད་ལོངས་པ་ཞིག་ཡོད་པའི་དྭགས་པོ་གྲྭ་ཚང་དེ། ང་ཚོ་གངས་ཅན་ལྗོངས་ཀྱི་དགོན་པ་ཆེ་ཁག་གཞན་དག་ཚོ་དང་འདྲ་བར་དྭགས་པོ་གྲྭ་ཚང་དེ་གཞི་རྩ་ལྟ་བུ་ཞིག་ཚུགས་ནས། ལོ་ཡུན་གང་འཚམ་ཞིག་ལ་མ་དྷར་པར་དྷེ་ཤི་ལ་དཀའ་ལས་ཁག་པོ་བྱས་ནས་བསྡད་པ་རེད། དེ་ནས་རིམ་པས་རིན་པོ་ཆེས་ཁུར་བཞེས་ནས་རིན་པོ་ཆེའི་ཆོས་གྲོགས་རྣམས་ཀྱིས་མཐུན་རྐྱེན་སྦྱར་ནས་ཚུགས་པ་ཞིག་རེད། སྔོན་མ་ང་འདིར་ཡོང་བ་རེད་དེ་དེ་དུས་བྲེལ་བ་ཚ་པོ་འདྲ་ཆགས་པ་རེད། དེ་རིང་ཚར་གཅིག་སླེབས་པ་རེད་དེ་བྲེལ་བ་དེ་ལས་ཆེ་བ་ཞིག་བྱས་ནས། འཁྱུག་ཙམ་མ་གཏོགས་སྡོད་ཁོམ་ཡོད་མ་རེད།
སྤྱི་ཡོངས་ནས་ཀུ་ལུ་ས་ཁུལ་ལ་ཡར་རྒྱས་ཞེ་དྲག་འགྲོ་ཡི་འདུག་ལ། དགོན་པ་ལ་ཆ་བཞག་ནའང་ཕྱིའི་འཛུགས་སྐྲུན་ཙམ་མ་ཡིན་པར་ནང་གི་ཆོས་སྤྱོད་སློབ་གཉེར་དེ་ཚོ་ཚང་མས་ཧུར་ཐག་རེད་འདུག་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ད་ལྟ་བར་དུ་ཧུར་ཐག་བྱེད་པ་དེ་ཞེ་དྲག་ཡག་པོ་བྱུང་འདུག དེ་ལ་བཀྲ་ཤིས་བདེ་ལེགས་དང་བསྔགས་བརྗོད་ཞུ་ཡི་ཡོད་ཅེས་སོགས་བཀའ་སློབ་གནང་ཡོད་པ་རེད།
དེ་ནས་ཚེས་༡༧ ཉིན་དྭགས་པོ་བཤད་སྒྲུབ་གླིང་དགོན་པར་དྭགས་པོ་རིན་པོ་ཆེ་བློ་བཟང་འཇམ་དཔལ་བྱམས་པ་རྒྱ་མཚོ་མཆོག་གིས་སྤོས་སྣེས་སྔོན་བསུས་པ་དང་ཆབས་ཅིག དགེ་འདུན་པ་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་མདུན་དུ་རྟགས་གསལ་བཏང་ནས་རིགས་ལམ་རྩོད་སྒྲུབ་སྤྱན་འབུལ་ཞུས་ཡོད་པ་དང། དེ་ནས་༧གོང་ས་མཆོག་གིས་དེར་འདུས་ཕྱི་རྒྱལ་བ་དང། རྒྱ་མི་རིགས་སོགས་སེར་སྐྱ་མི་མང་༣༠༠༠ ཙམ་ལ་བྱང་ཆུབ་སེམས་ཀྱི་སྡོམ་པ་འབོག་ཆོག་གི་གསུང་ཆོས་བསྩལ་ཡོད་པ་རེད། དེ་ནས་ཉིན་རྒྱབ་ཏུ་པཱ་ཏི་ཀུལ་བོད་ཁྱིམ་ལག་ཤེས་ལས་རིགས་སློབ་གྲྭར་ཕེབས་ནས་བཀའ་སློབ་གནང་རྒྱུ་ཡིན་པ་རེད།
དྭགས་པོ་བཤད་སྒྲུབ་གླིང་དགོན་པ་ནི། དེ་སྔོན་མན་སྤར་ཕན་བདེ་གླིང་དུ་ཡོད་པ་དང། དེ་ནས་ཀུ་ལུ་ཁུལ་གནས་སྤོས་གནང་ནས་ཕྱི་ལོ་༢༠༠༥ ལོར་ཀུ་ལུ་ཁུལ་དུ་ཡོད་པའི་དགོན་པ་གསར་པའི་དབུ་འབྱེད་མཛད་སྒོར་༧གོང་ས་མཆོག་ཕེབས་ནས་དབུ་འབྱེད་རབ་གནས་གནང་བ་ཞིག་ཡིན་པ་རེད།།
{jcomments on}