ཨ་རིའི་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་སྔ་དྲགས་སོང་ཟེར།
དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་བྷི་བྷི་སིའི་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མས་འཛིན་སྐྱོང་གི་འགན་འཁུར་མ་ཐག ༢༠༡༡ ལོར་ཨི་རག་ནང་ཡོད་པའི་ཨ་རིའི་དམག་དཔུང་ཆ་ཚང་བ་ཕྱིར་འཐེན་བྱེད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་ལྟར། ཉེ་དུས་ཨ་རི་གཞུང་ཕྱོགས་ཀྱི་གསལ་བསྒྲགས་ཤིག་གི་ནང། དེང་སྐབས་ཨི་རག་ནང་བདེ་འཇགས་དང་འཛུགས་སྐྲུན་སོགས། ཕྱོགས་གང་ཐད་ནས་འདོད་པ་ཚིམ་ངེས་བྱུང་ཡོད་པས། ལོ་རྗེས་མའི་མཇུག་ཏུ་ཨི་རག་ནང་ཡོད་པའི་ཨ་རིའི་དམག་དཔུང་ཆ་ཚང་ཕྱིར་འཐེན་བྱེད་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེེད།
དེ་དང་འབྲེལ་ནས་ཨི་རག་གིས་དམག་སྤྱི་ཆེན་མོ་གྷན་བྷ་བྷ་ཁར་གྱིས། ཨི་རག་ནང་སྔོན་དུས་ཀྱི་སྲིད་འཛིན་ཟུར་པ་ས་དམ་གྱི་ཕྱོགས་གཏོགས་དང། ཨེལ་ལི་ཁི་ཌའི་འཇིགས་སྐུལ་རིང་ལུགས་པ་སོགས་ཀྱིས། ཉིན་ལྟར་ཨི་རག་ལུང་པའི་ནང་འབར་རྫས་གས་འཐོར་བཏང་བ་དང། དོན་མེད་ཀྱིས་མི་སེར་དཀྱུས་མ་བསད་པ་སོགས་ཀྱིས། དྲག་སྤྱོད་བར་མཚམས་མེད་པ་བྱེད་བཞིན་ཡོད་པས། ཨ་རིའི་དམག་དཔུང་ལོ་རྗེས་མའི་ནང་ཕྱིར་འཐེན་བྱེད་འཆར་ཡོད་པ་དེ་ནི་ཧ་ཅང་གི་སྔ་དྲགས་པ་དང། ད་ལྟའི་སྐབས་ཨི་རག་དམག་དཔུང་ལ་རང་ས་བདེ་འཇགས་ངང་སྲུང་ཐུབ་པའི་ནུས་པ་དང། གདེང་ཚོད། གྲ་སྒྲིག་བཅས་མེད་པས་ཨ་རིའི་དམག་དཔུང་༢༠༢༠ བར་དུ་མ་བསྡད་ན། སླར་ཡང་ཨི་རག་ནང་ཟིང་འཁྲུག་ཆེན་པོ་ཡོང་རྒྱུ་ནི་བརྗོད་མི་དགོས་པ་རེད་ཅེས། ཨ་རིའི་དམག་དཔུང་ད་དུང་ལོ་༡༠ ཙམ་གནས་སྡོད་བྱེད་རྒྱུའི་རེ་སྐུལ་ཞུས་ཡོད་པ་རེད།
ད་ལྟའི་སྐབས་ཨི་རག་ནང་ཨ་རིའི་དམག་མི་གྲངས་༦༤༠༠༠ ཙམ་ཡོད་པ་དང། གྲངས་ཚད་ངེས་མེད་ཐོག་ནས་དམག་མི་ཕྱིར་འཐེན་བྱེད་བཞིན་ཡོད་པས། ༢༠༡༡ བར་དུ་དམག་གྲངས་༥༠༠༠༠ ཙམ་གནས་སྡོད་བྱེད་རྒྱུའི་འཆར་གཞི་བསྒྲིགས་ཡོད་པ་རེད། ཡིན་ནའང་ཨི་རག་དམག་དཔུང་ཁང་གི་རེ་འདུན་དང། འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད་སོགས་ཀྱིས་རྐྱེན་བྱས་ནས། ཨ་རི་གཞུང་གིས་འཆར་འགོད་བྱས་པ་ལྟར་ལོ་རྗེས་མའི་ནང་དམག་མི་ཆ་ཚང་ཕྱིར་འཐེན་བྱེད་རྒྱུ་ནི་ཧ་ཅང་ཁག་པོ་རེད་ཅེས། གསར་འགྱུར་དབྱེ་ཞིབ་པ་དང་དམག་དོན་མཁས་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}