ས་གོ་ལ་དང་མ་ཡུམ་གངས་ལྗོངས།

ད་ཆ་གངས་ལྗོངས་ས་འཛིན་སྒེག་མོའི་རྣམ་ཤེས་རྨོངས་འཐིབས་སུ་བསྒྱུར་ནས་མྱ་ང་བའི་སྐྱ་མདོག་གི་རྣམ་པ་འདི། མི་རིགས་ཀྱི་གྱོན་དགུད་དང་ཕམ་ཁ་ལྕི་མོ་ཕྲག་པར་བབས་ནས་ཕ་མེས་ཡང་མེས་ཀྱི་ཆོས་ལུགས་དང༌། རིག་གཞུང་རྨང་མེད་རྩ་གཏོར་བྱས་ཏེ། དེ་དག་འཛུགས་སྐྲུན་གསར་པ་ཕྱི་མཛེས་ནང་སྡུག་གི་རྣམ་པ་འདིའི་གོ་ལ་ཡངས་པའི་རྒྱལ་ཁབ་ཐམས་ཅད་མགོ་བོ་རྨོངས་སུ་བཅུགས་ཅིང་གནས།  ད་དུང་གངས་ལྗོངས་གཏེར་ཁའི་ནོར་མཛོད་མཐའ་དག་སྔོག་འདོན་བྱས་ཏེ་རྒྱ་ཡུལ་དྲངས། དེས་དབང་གིས་གངས་རིའི་དབུ་རྩེ་ཁ་བའི་འདབ་མ་དཀར་པོའི་ལྭ་བ་ཡང་གོས་ཧྲུས་ཞིག་ཏུ་གྱུར། རང་བྱུང་རྩྭ་ཐང་གླིང་ཁ་ཡོངས་རྫོགས་ར་བའི་བསྐོར་ནས་རུ་སྡེ་ཕན་ཚུན་དཀྲུག་གཞི་བཟོས། ཉེས་མེད་བོད་རིགས་མང་ཚོགས་གནར་བཅོད་སྡུག་གི་གྱོང་ཁ་སྐོར། ཚད་ལས་རྒལ་བའི་ལས་ངན་འདི་དག་རྒྱལ་ཁབ་གཞན་གྱིས་དངོས་སུ་མཐོང་ཀྱང་མ་བྱས་ཟེར་ནས་གཡོ་གཏམ་བྱེད། ལྷག་པར་གོ་ལ་འདིའི་སྟེང་བསམ་ཡུལ་ལས་འདས་པའི་འབྱུང་བཞིའི་གོད་ཆགས་འདི། སྙིགས་མ་ལྔ་བདོའི་མི་རྣམས་ཉོན་མོངས་ཤུགས་ཆེ་བ་དང༌། མགོ་བདེ་དྲན་འཕྲུལ་གྱིས་གཡོ་སྒྱུའི་ལས་ཀྱིས་རང་ཁེ་གཞན་ཕམ། ཕྱོགས་རིས་མཐེན་ཕྱིར་དང༌། ཡུལ་ལུང་ཕན་ཚུན་དོན་མེད་གཡུལ་ལས་བྱས་པ། མཐོང་དཀོན་པའི་ས་གཞིའི་གཏེར་ཁ་སྔོག་འདོན་བྱས་པ་དང༌། འཕྲུལ་ལམ་གསར་པའི་རྫས་སྦྱོར་གྱི་དུ་བས་ས་གཞི་ཡོངས་རྫོགས་འབག་རྩོག་གིས་རྐྱེན་པའི་འཛམ་གླིང་ས་གོ་ལའམ་འབྱུང་བ་བཞི་ཆ་མ་སྙོམ་པའི་དབང་གིས་འདི་ལྟར་གོད་ཆགས་ཆེན་པོ་ཡོང་དེ་དག་ལ་ཐུག་ཡོད་པ་རེད།