བོད་ཡིག་མ་དག་པ་འབྲི་རྒྱུ་དེ་ཐོབ་ཐང་ཡིན་བསམ་གྱི་ཡོད་རེད།
དེ་ཡང་ཟླ་འདིའི་ཚེས་༡༩ ཉིན་བོད་ཀྱི་དཔེ་མཛོད་ཁང་དུ། སྨོན་ལམ་ཚིག་མཛོད་དང་པོ་དང་། བཟོ་འཆར་གྱི་ཚིག་མཛོད་ཆེན་མོའི་སྐོར་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་པའི་ཐོག སྐུ་མགྲོན་གཙོ་བོ་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང། སྐུ་སྒེར་དྲུང་ཆེ། བོད་གཞུང་གི་དྲུང་ཆེ་ཁག་གཅིག དྷ་སའི་ཉེ་འཁོར་གྱི་ཤེས་ཡོན་སྡེ་ཚན་ཁག་གི་རྩོམ་སྒྲིག་པ། སློབ་གྲྭ་ཁག་གཅིག་གི་སློབ་སྤྱི་དང་དགེ་རྒན། དེ་བཞིན་ཟུར་ཉན་དང་རྩོམ་པ་པོ་སོགས་ཁྱོན་མི་གྲངས་༤༠ མ་ཟིན་ཙམ་བགྲོ་གླེང་གི་མཛད་སྒོའི་ཐོག་ཞུགས་འདུག
དང་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། གྲྭ་བློ་བཟང་སྨོན་ལམ་གྱིས་གློག་ཀླད་ནང་ཚུལ་ཇི་ལྟར་ཚིག་མཛོད་སྒྲིག་གི་ཡོད་པ་དང། ད་ཐེངས་བཟོ་འཆར་ཡོད་པའི་ཚིག་མཛོད་དེའི་ཆེད་དུ། དཔེ་མཛོད་ནང་བགྲོ་གླེང་གོ་སྒྲིག་ཞུ་ཕྱོགས་ཀྱི་བརྒྱུད་རིམ་གསུངས་རྗེས། སྐུ་ཞབས་བློ་བཟང་སྨོན་ལམ་གྱིས་གློག་ཀླད་ནང་བཟོ་འཆར་གྱི་ཚིག་མཛོད་ཆེན་མོ་སྒྲིག་དགོས་དོན་དང། ད་ལྟའི་བར་གློག་ཀླད་ནང་བསྒྲིགས་ཟིན་པའི་བོད་ཡིག་གི་མིང་ཚིག་འཚོལ་སྟངས། དེ་བཞིན་དབྱིན་ཡིག་གི་ནང་དོན་བོད་ཡིག་ནང་འཚོལ་སྟངས། སྒྲ་གདངས་འདོན་སྟངས་དང། ཚོས་གཞི་སྒྲིག་སྟངས། ལག་ཐོགས་ཁ་པར་སོགས་ནས་བོད་ཡིག་གི་བརྒྱུད་ལམ་འགྲོ་སྟངས་སོགས། གློག་ཀླད་ཀྱི་བརྒྱུད་ལམ་ཐོག་ནས་ཞིབ་བརྗོད་གནང་སོང།
དེ་རྗེས་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། “སྐད་ཡིག་གི་བྱུང་རབས་ནང་སྒྲ་བསྒྱུར་གྱི་ལས་ཀ་བོད་ཡིག་ནང་བྱས་པ་ནང་བཞིན། འཛམ་བུ་གླིང་སྐད་ཡིག་གང་གིས་ཀྱང་བྱས་ཡོད་ས་མ་རེད། འབོར་གྱི་ཆ་ནས་བརྗོད་ན་བུ་སྟོན་རིན་ཆེན་གྲུབ་ཀྱིས་བཀའ་འགྱུར་དང་བསྟན་འགྱུར་རུབ་རུབ་བྱས་པའི་དཀར་ཆག་ནང་། ཆོས་ཚན་བཞི་སྟོང་ལྷག་ཙམ་ཡོད་རེད། བུ་སྟོན་རིན་པོ་ཆེས་མ་རྙེད་པ། རྒྱ་གར་ནས་བསྒྱུར་བའི་དཔེ་ཆ་མང་པོ་ཞིག་ཟུར་དུ་ལྷག་ཡོད་པས། གྲངས་ཀྱི་ཆ་ནས་བོད་པའི་འགྱུར་དེ་མང་པོ་ཞེ་དྲག་རེད། སྤུས་ཀའི་ཆ་ནས་ལེགས་སྦྱར་གྱི་སྐད་དང་དོ་མཉམ་མཁན། བོད་ཡིག་མ་གཏོགས་མེད་པ་དེང་སང་ཡོངས་གྲགས་ཀྱི་ཐོག་ནས་ཁས་ལེན་བྱེད་ཀྱི་ཡོད་རེད།
ད་ལྟའི་བར་དུ་ང་ཚོའི་མི་རབས་གོང་མ་ཚོས་སྐུ་ལས་བསྐྱོན་ནས། ཉམས་པ་མེད་པ་དང་ཡར་རྒྱས་གོང་འཕེལ་བཏང་ནས་དུས་རབས་༢༠ བར་དུ་གནས་པ་རེད། སྐད་ཡིག་མང་པོ་ལོ་སྟོང་ཕྲག་གི་རྗེས་ལ་འགྱུར་བ་མང་པོ་ཞེ་དྲག་ཕྱིན་ཚར་བ་རེད། ཁ་ཤས་རྙིང་པ་ཆགས་ཚར་བ་རེད། ང་ཚོའི་བོད་ཡིག་བརྡ་རྙིང་པ་ཡིན་ནའང་མི་གོ་བའི་དཀའ་ངལ་དང་། བརྡ་རྙིང་དེའི་ཆེད་དུ་དགེ་རྒན་ལོགས་སུ་བསྟེན་དགོས་པ་དེ་འདྲ་ཡོད་མ་རེད། བོད་ཡིག་ཉམས་ཆག་མ་འགྲོ་བ་དེའང་སྔོན་མ་བོད་ཀྱི་ཡི་གེ་ཤིང་པར་ཐོག་སྤར་བ་དང། གཞུང་ལུགས་མང་པོར་སློབ་སྦྱོང་བྱེད་རྒྱུ། དཔེ་བཤུས་བྱེད་རྒྱུའི་ལམ་སྲོལ་དར་བ་དེའི་དྲིན་གྱིས་ཡིག་གཟུགས་ལའང་འགྱུར་བ་མ་ཕྱིན་པ་བསྡད་པ་རེད། དག་ཆ་དང་གོ་དོན་ཡང་ཤེས་རྟོགས་དཀའ་རུ་མ་སོང་བར་གནས་ཐུབ་ཡོད་པས། སྔོན་བྱོན་དམ་པ་ཚོའི་བཀའ་དྲིན་རྗེས་དྲན་ཞུ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
ད་ལྟའི་བོད་ཀྱི་སྐད་ཡིག་འདི་ཆགས་འཇིག་གི་གནས་སུ་སླེབས་ཡོད་པ་རེད། ཆགས་འཇིག་གི་གནས་སུ་སླེབས་པ་དེའང་། རྒྱ་མི་རྐྱང་རྐྱང་གིས་རྐྱེན་བྱས་ཏེ་སླེབས་མེད་པ་ང་ཚོས་ཤེས་དགོས་པ་རེད། སྤྱིར་རྒྱ་མིའི་ངོས་ནས་བོད་ཀྱི་སྐད་ཡིག་འདི་གཏོར་བཤིག་གཏོང་རྒྱུར་ཐབས་ཤེས་སྣ་ཚོགས་བྱས་ཡོད། དཔེར་ན། འཕྲད་དང་ཡི་གེའི་འཇུག་ཚུལ་སོགས་བརྡ་སྤྲོད་ཀྱི་རྣམ་གཞག་འགྱུར་བ་ཆེན་པོ་གཏོང་ཐབས་བྱས་ཡོད་པ་རེད། གལ་སྲིད་འགྱུར་བ་དེའི་རིགས་སོང་བ་ཡིན་ན། ནམ་ཞིག་བོད་སྐད་དེ་གཏན་མེད་དུ་མ་ཕྱིན་པར་གནས་པ་ཡིན་ནའང། བཀའ་བསྟན་སོགས་གཞུང་ལུགས་རྒྱ་ཆེན་པོ་དེ་དག་ཀློག་སྐབས། རང་ཉིད་ཀྱིས་མི་ཤེས་པར་འགྲེལ་བརྗོད་བྱེད་མཁན་མི་གཞན་དགོས་པའི་གནས་སྟངས་ཚབས་ཆེན་པོ་ཞིག་ཆགས་འགྲོ་ཡི་རེད།
ང་ཚོ་རང་དབང་ལུང་པའི་ནང་ཡོད་པ་ཚོས་རང་དབང་གི་ཐོག་ནས་སྐད་ཡིག་ལ་ཉམས་ཆག་གཏོང་གི་ཡོད་རེད། ངས་མཚམས་རེ་བཙན་བྱོལ་གཞུང་གི་ལས་བྱེད་ཚོར། ཁྱེད་རང་ཚོའི་དགོངས་པའི་ནང་། གངས་ཅན་སྐྱིད་གཤོངས་ནང་བོད་ཡིག་མ་དག་པ་འབྲི་རྒྱུ་དེ་འགྲོ་བ་མིའི་ཐོབ་ཐང་ཡིན་དགོངས་ཀྱི་ཡོད་རེད། ཡི་གེ་དག་པོ་བྲིས་དགོས་ཞེས་ལབ་ན་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་གི་འདུག་ལབ་ཀྱི་ཡོད་རེད་ཟེར་ནས་ཞུ་ཡི་ཡོད། མ་དག་པ་འབྲི་རྒྱུ་དེ་བསམ་བློའི་ནང་འཚེར་སྣང་གང་ཡང་ཡོད་མ་རེད། འཚེར་སྣང་མེད་པ་དེ་རང་ཉིད་ཀྱིས་མ་ཤེས་པས་ཡིན་རྒྱུ་རེད། གང་ལྟར་ཡིན་ཤག་ཤག་བྱས་ཏེ་འབྲི་རྐྱང་གནང་གི་ཡོད་རེད་”ཅེས་སོགས་བཀའ་སློབ་ཟབ་རྒྱས་བསྩལ་སོང།
དེ་རྗེས་ཉིན་གཅིག་གི་རིང་ཚིག་མཛོད་ལ་ཆ་རྐྱེན་གང་ཚང་དགོས་མིན་དང་། མིང་ཚིག་གཅིག་ལ་ཆོས་སྲིད་གཉིས་ཐད་ནས་གོ་བ་སོ་སོར་ཡོད་རིགས་ཇི་ལྟར་བྱས་ཏེ་ཐག་གཅོད་གཏན་འབེབས་བྱེད་རྒྱུ། ཕལ་སྐད་ཁྲོད་ཀྱི་མིང་ཚིག་རྣམས་ཚིག་མཛོད་དུ་བསྡུ་དགོས་མིན། དེང་དུས་ཀྱི་ཚིག་གསར། རྩོམ་རིག་གི་ཐ་སྙད། ཚད་གཞིའི་མཐོ་དམན་སོགས་ལ་ཤེས་རིག་རྩོམ་སྒྲིག་འགན་འཛིན་ཀརྨ་སྨོན་ལམ་དང་། བློ་བཟང་དཀོན་མཆོག་རྒྱ་མཚོ། ཤེས་རབ་དར་རྒྱས་བཅས་ཀྱིས་གསུང་བཤད་གནང་བ་དང། ཚོགས་ཞུགས་པ་ཚོས་བརྗོད་དོན་དེ་དང་དེའི་སྐོར་ལ་བགྲོ་གླེང་གནང་ཡོད་པ་རེད།།
{jcomments on}