བོད་མི་སྐྱབས་བཅོལ་བ་རྒྱ་གར་དུ་གཏོང་དགོས་ཟེར།

དེ་ཡང་ཟླ་འདིའི་ཚེས་༡༩ ཉིན་བལ་ཡུལ་གྱི་སྦྲགས་ལམ་ཞེས་པའི་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་ནང་སྲིད་བློན་ཆེན་བྷིམ་རོ་ཝལ་དང་། ཨ་རིའི་ནང་རྟེན་གཞི་བྱས་ཡོད་པའི་དབུས་དང་ལྷོ་ཨེ་ཤ་ཡའི་ལས་དོན་ལག་བསྟར་ཚོགས་ཆུང་གི་དྲུང་ཆེའི་ལས་རོགས་སྐུ་ཞབས་ཨ་ཀྲུལ་ཁི་ཤིབ་གཉིས་ཐུག་འཕྲད་གནང་ཡོད་པ་དང། སྐབས་དེར་དྲུང་ཆེའི་ལས་རོགས་མཆོག་གིས། བོད་ནས་བལ་ཡུལ་བརྒྱུད་དེ་རྒྱ་གར་ནང་སྐྱབས་བཅོལ་ལ་ཡོང་མཁན་ཚོར། བལ་བོད་ཀྱི་ས་མཚམས་སུ་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པས། བལ་ཡུལ་གཞུང་གིས་སྔོན་དུས་སྐྱབས་བཅོལ་གྱི་བདེ་འཇགས་ཐད་བཞག་པའི་ཆིངས་དོན་ལ། བརྩི་བཀུར་དང་ལག་བསྟར་བྱེད་དགོས་ཞེས་དྲན་གསོ་གནང་ཡོད་འདུག

ལོ་འགའི་སྔོན་ནས་རྒྱ་ནག་དང་བལ་ཡུལ་གཞུང་གཉིས་དབར་འབྲེལ་ལམ་བཟང་དུ་སོང་ཡོད་པ་དང། རྒྱ་ནག་གིས་བལ་ཡུལ་སྲིད་གཞུང་ལ་དངུལ་དང། འཕྲུལ་རིགས་སོགས་ཀྱི་རོགས་རམ་ཕོན་ཆེན་བྱས་ཏེ། བལ་ཡུལ་དུ་ཡོད་པའི་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་ཚེ། ངེས་པར་དུ་དམ་དྲག་ནན་པོ་བྱེད་དགོས་པ་དང། ས་མཚམས་ཁག་ཏུ་བོད་མི་སྐྱབས་བཅོལ་བ་ཚོ་འགྲུལ་བཞུད་བཀག་འགོག་སོགས་བྱེད་དགོས་པའི་དགོས་འདུན་མང་པོ་བཏོན་ཡོད་པས། དེང་སྐབས་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།

ཨ་རི་གཞུང་གིས་སྔོན་དུས་ནས་བལ་ཡུལ་གཞུང་ལ་འབོད་སྐུལ་འདིའི་རིགས་མང་པོ་བྱས་ཡོད་པ་དང།  དེ་བཞིན་རྒྱལ་ཚོགས་ཀྱིས་ཀྱང་ཐེངས་འགའ་སྐྱབས་བཅོལ་བའི་བདེ་འཇགས་ལ་འགན་སྲུང་དགོས་ཞེས་བཀའ་ཁྱབ་གཏོང་མྱོང་ཡོད་འདུག ད་ལྟའི་སྐབས་བལ་ཡུལ་དུ་བོད་མི་གྲངས་༢༠༠༠༠ ཙམ་གནས་སྡོད་བྱེད་ཀྱི་ཡོད་པ་དང། དེ་བཞིན་ལོ་རེ་བཞིན་བོད་ནས་གསར་དུ་ཡོང་མཁན་༢༥༠༠ ནས་༣༠༠༠ བར་དུ་ཡོད་ཀྱང། ༢༠༠༨ ལོར་བོད་ནང་ཞི་རྒོལ་ཆེན་པོ་བྱས་ནས་བལ་བོད་ཀྱི་ས་མཚམས་སུ་དམ་དྲག་ཤུགས་ཆེར་བྱས་པས། དེང་སྐབས་བོད་ནས་གསར་དུ་ཡོང་མཁན་ཉུང་དུ་སོང་ཡོད་པ་དང། ཅུང་ཟད་ཡོང་བཞིན་པ་ཚོ་འཛིན་བཟུང་དང་ཕྱིར་སློག་བྱས་པ་སོགས་ཀྱིས། དཀའ་ངལ་དང་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།