ས་སྐྱ་གོང་མའི་མཛད་འཕྲིན།
འབྲེལ་ཡོད་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་ཡང་ཁ་སྔོན་ཕྱི་ཟླ་ལྔ་པའི་ཚེས་༢༠ ནས་ར་ཤི་ཡའི་རྒྱལ་ཁབ་ནས་ཐོག་མའི་མཛད་རིམ་དབུ་འཛུགས་གནང་ནས་དབྱིན་ཡུལ་དང་ཧོ་ལེན་སོགས་ཡུལ་གྲུ་དུ་མ་ལ་དཔལ་དུས་ཀྱི་འཁོར་ལོ་དབང་ཆེན་སོགས་ཀྱིས་མཚོན་པའི་ཆོས་འབྲེལ་དང་ས་གནས་སོ་སོར་བོད་རིགས་གཙོ་བོ་གྱུར་པའི་མང་ཚོགས་ལ་བཀའ་སློབ་ལམ་སྟོན་སོགས་གནང་ནས། ཕྱི་ཟླ་༧ ཚེས་༡༢ ཉིན་ཧྥ་རན་སི་བྱང་ཤར་ས་ཁུལ་strqsbourgཞེས་པའི་མངའ་སྡེ་ནང་མཁན་ཆེན་ཤེས་རབ་རྒྱལ་མཚན་ཨ་མི་པ་རིན་པོ་ཆེས་ཕྱག་གཏབ་པའི་ས་སྐྱ་བརྩེ་ཆེན་གླིང་དུ་ཞབས་སུ་འཁོད་དེ། ཕྱི་ཚེས་༡༦ ཉིན་དབུ་འཛུགས་ཀྱི་དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་བསྟན་པའི་སྙིང་པོ་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་ཀྱི་བཀའ་ཆོས་དབུ་འཛུགས་གནང་འདུག སྐབས་དེར་ཆོས་ཞུའི་ཁོངས་སུ་བཅར་བའི་འབྲེལ་ཡོད་ཞིག་གིས་གནས་ཚུལ་བརྗོད་གསལ་ལྟ་ན། ཆོས་ཞུ་བ་མཁན་ཆེན་ཤེས་རབ་རྒྱལ་མཚན་ཨ་མི་པ་རིནཔོ་ཆེ་མཆོག་གི་དབུས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་སུད་སི་ནས་ཕེབསཔའི་མདའ་དྲ་མོ་ཆེའི་མཁན་ཆེན་གྱི་ཡང་སྲིད་དང་སུད་སི་རི་ཀོང་དགོན་པའི་བླ་གྲྭ་ཁག་ཅིག གཞན་ཡང་རྒྱ་གར་དང་ཨི་ཊ་ལི་སོགས་རྒྱལ་ཁབ་འདྲ་མིན་ཉི་ཤུ་ལྷག་ནས་ཕེབས་པའི་དད་ལྡན་སེར་སྐྱ་ཁྱོན་མི་གྲངས་སུམ་བརྒྱ་ཡས་མས་བཅས་ལ་ཟླ་གཅིག་མིན་ཙམ་ཞིག་ལ་གསུང་ཆོས་བསྩལ་གནང་འདུག རིམ་བཞིན་ཁུལ་དེ་ཡོད་པའི་མཛད་རིམ་རྣམས་ལེགས་པར་གྲུབ་སྟེ་སུད་སིར་ལ་ཆིབས་ཞལ་བསྒྱུར་ནས་མི་མང་རྣམས་ལ་བཀའ་སློབ་དང་གསུང་ཆོས་སོགས་གནང་དགོས་ཡོངས་རྫོགས་གྲུབ་ནས་མཁའ་ལམ་བརྒྱུད་ལྡི་ལི་རུ་ཕེབས་ནས། ཁ་སྔོན་ཕྱི་ཚེས་༡༨ ཉིན་དཔལ་ས་སྐྱ་སྒྲོལ་མ་ཕོ་བྲང་གི་འཁོན་གདུང་སྐུ་བགྲེས་རིན་པོ་ཆེ་མཆོག་དང་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་སང་གྷ་རིན་པོ་ཆེ་རྣམ་གཉིས་དབུས་པའི་གདན་ས་ཁག་གི་མཛད་གཙོ་རྣམ་པ་དང་གཞན་ཡང་ཚོགས་སྡེ་ཁག་དང་གནད་ཡོད་མི་སྣ་དང་དགེ་འདུན་པ་བཙུན་མ་བཅས་ཀྱིས་ཕེབས་སུ་ཟབ་རྒྱས་ཞུས་ཡོད་པ་རེད།།