རྒྱ་གཞུང་གིས་མེ་མདའ་བརྒྱབ་ནས་བོད་མི་བསད་པ།
བརྒྱུད་ལམ་ཁག་གཞན་དག་ནས་མི་ལྔ་༣ བསད་ཟེར་བ་དང། མི་༤ བསད་ཅེས་པའི་གནས་ཚུལ་ཡང་སྤེལ་འདུག དེའི་སྐོར་འཆམ་ར་བའི་ཟིན་བྲིས་ནང་དུ་གནས་ཚུལ་སྤེལ་བ་ལྟར་ན། འབྲེལ་ཡོད་མི་སྣས་གནས་ཚུལ་བཤད་དོན་ལྟར་ན། དཔལ་ཡུལ་རྫོང་གི་ཁྲོམ་ཐར་ཆུས་ལ་རྒྱ་གཞུང་གིས་གསེར་གྱི་གཏེར་ཁ་སྔོག་འདོན་བྱས་ནས་ལོ་བཅོ་ལྔ་ཉི་ཤུ་ཡན་མན་སོང་ཡོད་ལ། དེ་དང་བསྟུན་ནས་འཆར་གཞི་ལྡན་པའི་ངང་རྒྱ་མི་གང་མང་ཞིག་ཀྱང་སླེབས་ཀྱི་ཡོད་འདུག
དེ་ཚོའི་ཐད་ལ་རྒྱུན་དུ་ནས་ཡུལ་མི་ཚོས་གཏེར་ཁ་སྔོག་འདོན་གྱི་བྱ་བ་དེས་ཡུལ་གྱི་ས་བཅུད་ཉམས་པ་དང་། ཕྱུག་ཟོག་གི་རྩྭ་སར་གནོད་འཚེ་ཐེབས་པ་སོགས་ལ་ཕྱོགས་གང་ཐད་ནས་དོགས་ཟོན་དང་། མི་འདོད་པའི་རྣམ་འགྱུར་འདོན་བཞིན་ཡོད་འདུག ཉིན་ཤས་སྔོན་ཡུལ་དེའི་སྡེ་དཔོན་བཀྲ་ཤིས་བཟང་པོ་དང་མི་མང་ཁག་ཅིག་གྲོས་བསྡུར་གྱིས་དཔལ་ཡུལ་རྫོང་ལ་སོང་ནས་གཏེར་ཁ་སྔོག་འདོན་གྱིས་རང་བྱུང་ཁམས་ལ་གནོད་སྐྱོན་དང་། མི་མང་ལ་དཀའ་ངལ་སྐོར་གྱི་སྙན་ཞུ་ཕུལ་ཏེ་མཚམས་འཇོག་ཡོང་བ་ཞུས་ཀྱང་། རྫོང་གི་ཉེན་རྟོག་པས་ཁོང་ཚོ་ལ་ནག་ཉེས་བཙུགས་ནས་འཇུ་བཟུང་བྱས་ཡོད་པ་རེད་འདུག
དེར་བརྟེན་མི་མང་བཞི་བཅུ་ལྷག་འདུས་ཏེ། འཇུ་བཟུང་བྱས་པའི་མི་དག་འཕྲལ་མར་གློད་དགོས་ཡོད། གཏེར་ཁ་སྔོག་འདོན་གྱི་ལས་མཚམས་མ་བཞག་ན། ང་ཚོ་ལ་ས་རིན་དང་། ཁ་གསབ་སྤྲད་དགོས་ཡོད། དེ་ལྟར་ལག་ལེན་མ་བསྟར་ན་ང་ཚོས་རང་གར་འཇོག་ཐབས་མེད་ཅེས་ཉིན་གསུམ་ཙམ་རིང་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་བསྡད་ཡོད་པ་རེད།
ཡིན་ནའང་ཞོགས་པ་ཞིག་ལ། ཉེན་རྟོག་པས་ཁོང་ཚོའི་ཁྲོད་དུ་དུག་རླངས་ཅན་གྱི་སྦྲིད་སྨན་བདུག་སྟེ། སྐབས་དེར་དུག་རླངས་ཀྱིས་སྦྲིད་ཟིན་པའི་བོད་མི་ཁག་ཅིག་རླངས་འཁོར་ནང་འཇོག་བཞིན་པ་དང། བོད་མི་ཁག་ཅིག་ལ་དུག་རླངས་ཀྱིས་གནོད་སྐྱོན་མ་བྱུང་བར་ཁོང་ཚོས་བྱུས་ངན་བཤམས་པ་ཤེས་རྟོགས་བྱུང་བ་དང་། ཧང་སངས་ནས་སྐད་བརྒྱབ་ཡོད་འདུག དེར་བརྟེན་རྒྱ་གཞུང་གིས་དམིགས་གཏད་བྱེད་སའི་སྡེ་དཔོན་གྱི་རྐང་པར་མེ་མདའ་བརྒྱབ་པ་དང། ཁོང་གི་རོགས་པ་གཞན་པ་དག་དེའི་ཕྱོགས་སུ་རྒྱུག་སྐབས་ཉེན་རྟོག་པས་མེ་མདའ་མི་ཚོགས་དཀྱིལ་དུ་བརྒྱབ་ནས་མི་གཅིག་དེ་རང་ལ་བསད་པ་དང། མི་གྲངས་སུམ་ཅུ་ཙམ་གྱི་རྐང་ལག་ལ་མེ་མདའ་ཕོག་ནས་རྨས་སྐྱོན་བཟོས་ཡོད་པ་དང། མི་གྲངས་དྲུག་ཙམ་ཞིག་ད་ཆར་འཆི་གསོན་གང་བྱུང་ཧ་མི་གོ་བར་ལུས་ཡོད་པ་རེད།
རྒྱ་གཞུང་གིས་བརྒྱུད་བྐུལ་གཏོང་མཁན་རེད་ཟེར་ནས་གྲྭ་བ་ཁག་ཅིག་ལ་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་ཡོད་འདུག་ལ། དེ་འདྲའི་ཛ་དྲག་གི་གནས་སྟངས་ཁྲོད་བོད་མི་མང་ཚོགས་ཅི་བྱ་གཏོལ་མེད་ངང་ལུས་པའི་གནས་ཚུལ་ཐོན་ཡོད་པ་རེད་འདུག །
{jcomments on}