རྒྱང་རིང་མཛའ་མོར་གྱེར་བའི་འཕྲིན་ཐུང༌།

ཡངས་ཤིང་རྒྱ་ཆེ་བའི་ནོར་འཛིན་གྱི་ཕ་མཐའ་ནས་འདྲེན་བྱེད་ལ་ཉེ་བར་འཁོ་བའི་བརྙན་པར་ཞིག་དང༌། སྒྲ་འཛིན་རྣ་བའི་བའི་དབང་པོའི་གམ་དུ་སྙན་པའི་གསུང་ངག་ཚིག་གསུམ་མེད་པར་དུས་ཡུན་ཧ་ཅང་རིང་པོ་སོང༌། འདི་ནས་རང་གིས་རང་ལ་ཞིབ་འཇུག་བྱས་དུས། རང་ངོས་ནས་འགལ་ཟླ་ཤོར་བའི་གནས་ཚུལ་ཡ་མ་ཟུང་ཞིག་ལྷག་ཡོད་པ་གང་ཡང་དྲན་གྱི་མི་འདུག ངའི་འདི་ནས་སྐར་ཆ་དང༌། སྐར་མ། ཆུ་ཚོད་དང༌། ཉི་ཞག ཟླ་བ་དང༌། ལོ་རྩིས་ཏེ་ཁྱོད་ཀྱི་སྐད་ངག་དང༌། བཞིན་རས་དྲན་ནས་སྡད་ཡོད། འོན་ཀྱང་ཁྱོད་ནི་ཁྲལ་མེད་ཞིག་སྟེ། སྐད་ངག་ཚིག་གསུམ་ཡང་བཤོད་འདོད་མེད་པའི་རྣམ་འགྱུར་གསར་པ་ཞིག་ཆགས་ཡོད་ཚོད་འདུག
སྐབས་རེ་རང་གི་བསམ་ཚུལ་བཟང་ཕྱོགས་ལ་ཁ་ཕྱོགས་ནས། སྙིང་རྗེ། ས་ཐག་རིང་པོ་ཡིན་པ་དང༌། ཉིན་མཚན་གོ་ལོག་གི་ས་མཐའ་ནས་གསུང་ངག་ཚིག་གསུམ་ལབ་ཡག་ཡང་གོ་སྐབས་ཐུབ་ཀྱི་ཡོད་ཀྱི་མ་རེད་བསམ་ནས། བཟོད་གསན་བྱེད་ཅི་ཐུབ་བྱས། འོན་ཀྱང་མི་ལོའི་ཀྱོག་མཚམས་འདིར། ངས་མི་དང༌། བརྩེ་བ་གཉིས་དབྱེ་བ་ཡང་དག་པ་ཞིག་བྱེད་ན་འདོད། རྒྱུ་མཚན་ནི། གཞོན་ནུའི་ལང་ཚོ། ཤེས་རིག་གི་སྒོ་རྒྱ། དཔལ་འབྱོར་འདུ་འགོད། རྒྱལ་སྤྱིའི་འབྲེལ་ལམ་སོགས་རང་བཞིན་མ་གྲུབ་པའི་ཚིག་སྐམ་བརྩེ་བ་ཟེར་བ་དེ་མི་ཚེ་ཕུང་དུ་འཇུག་མཁན་ཞིག་རེད་འདུག