བོད་ཀྱི་བང་ཆེན་ནི་རྩོམ་སྒྲིག་པའི་བང་ཆེན་དུ་ཁ་ཕྱོགས་པ་མ་རེད་དམ།

སྲིད་དོན་ཚན་རིག་ལ་མཁས་པ་ཞིག་ཟེར་བ་དང་། དོན་དངོས་མིང་ཚིག་འདི་དག་ཁྱེད་ཀྱི་སྙན་དུ་གསན་པ་དང། ཞལ་ནས་ཐོན་པ་ཙམ་ལས་མཁྱེན་རྟོགས་ཡོད་མེད་ཀྱང་ཐེ་ཚོམ་རེད་ཟེར་བ་དང་། ༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་ཀྱིས་མཚན་ཐོག་ནས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་སུ་སྤྲད་པའི་བསམ་འཆར་ཡིག་ཆའི་ནང་ཡང་དག་དང་མ་དག་གི་སྐད་ཆ་མེད་པར་མང་གཙོའི་དགོས་འདུན་གཏན་ནས་བཏོན་མེད་པ་འདི་ལ་ཐུགས་སྣང་ཙམ་ཡང་མ་བྱུང་བ་ནི་ས་གནས་ཀྱི་གནད་ཡོད་ཅིག་དང། སྲིད་དོན་ཚན་རིག་ལ་མཁས་པ་ཞིག་ལ་མཚོན་ན་ཧང་སང་དགོས་པ་ཞིག་མ་ཡིན་ནམ་ཟེར་བ་དང། གལ་སྲིད་རྒྱ་ནག་གཞུང་གིས་ང་ཚོའི་དགོས་འདུན་དེ་ཁས་ལེན་བྱེད་པའི་དབང་དུ་བཏང་ཡང་བོད་མི་རིགས་ལ་རང་དབང་གཙང་མ་ཞིག་རག་ཐུབ་ཐབས་གཏན་ནས་མེད་པ་ཧ་ཅང་གསལ་པོ་ཡིན་པས་ཟེར་བ་སོགས་ཁ་ཚོན་ཆོད་པོའི་ཟུར་ཟའི་ཚིག་རྒྱན་ཕུན་སུམ་ཚོགས་པ་མང་ཙམ་གླེང་སྟངས་ལ་གཞིག་ན་བོད་ཀྱི་བང་ཆེན་ནི་རྩོམ་སྒྲིག་པའི་བང་ཆེན་དུ་ཁ་ཕྱོགས་པ་མ་རེད་དམ། རྒྱལ་སྤྱིའི་གསར་འགོད་པའི་སྒྲིག་ལམ་གྱི་ནང་དུ་གསལ་བའི་གསར་འགོད་པའི་བཟང་སྤྱོད་ཀྱི་ལས་འགན་འགྲུབ་ཡོད་མེད་ཇི་ལྟར་ཡང།  བོད་མི་རིགས་ཀྱི་ལས་དབང་དུ་འཕྲད་པའི་ཛ་དྲག་གི་གནས་སྟངས་འོག་བོད་ཆགས་འཇིགས་(འཇིག་གི་)ཀྱི་དུས་ཚོད་འདིར་བོད་རྒྱལ་ཁབ་དང། བོད་མི་རིགས་ཀྱི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བདེན་པ་དང། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་ལྟ་གྲུབ་ལ་གཞི་བཅོལ་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་འདི་སྟོན་གནང་མཛད་པའི་སྙིང་དོན་ངོ་མ་ཆོལ་གསུམ་བོད་རིགས་ཡོངས་རྫོགས་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་ཞིག་རྩོད་གནང་གི་ཡོད་པ་ནི། རང་སྲིད་རང་སྐྱོང་ཟེར་བའི་གོ་དོན་ནང་ཆབ་སྲིད་ཀྱི་དགོས་མཁོ་གང་དང་གང་དེའི་ནང་ཚུད་ཡོད་མེད་ཟུར་བལྟས་ལེབ་མཐོང་ལ་སོང། ཁྱེད་ཀྱིས་གསུངས་པའི་མང་གཙོའི་དགོས་འདུན་གཏན་ནས་བཏོན་མེད་པ་ཟེར་བ་དེ་དག་རྩིག་རྨང་མ་བཏིང་སྔོན་ལ་ཐོག་འགེབས་རྒྱུ་ཡོད་པ་ནམ་ཡང་ཤེས་མ་སོང་ལ། ༧གོང་ས་མཆོག་གི་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་གི་བོད་རྒྱའི་ཞི་མོལ་ལས་དོན་གྲ་སྒྲིག་ཚོགས་ཆུང་གི་ལམ་སྟོན་འོག ༧གོང་ས་མཆོག་གི་སྐུ་ཚབ་བརྒྱུད་རྒྱ་ནག་ལ་སྤྲད་པའི་སྔ་རྗེས་ཀྱི་ཡིག་ཆ་ཁག་ལ་ཡིད་ཆེས་དང་བློ་གཏད། བརྩི་བཀུར་ཞུ་དགོས་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་པའི་ནང་དུ་གསལ་བའི་བོད་ཀྱི་ཡུལ་མིིའི་ལས་འགན་ཆེ་ཤོས་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ་བོད་མི་གཞིས་བྱེས་གཉིས་ཀྱི་ནང་དུ་ཡིད་ཆེས་དང་བློ་གཏད་བརྩི་བཀུར་མི་ཞུ་མཁན་མི་གཅིག་ཀྱང་མེད་པ་ང་ལ་ཡིད་ཆེས་ཡོད་ལ། འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་༢༠ ཉིན་ཆོས་ལུགས་ཆོལ་གསུམ་བཅས་པའི་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་འཚོགས་(ཚོགས་)དུས་དགུ་པའི་སྟེང་སྤྱི་མོས་གྲོས་ཆོད་བཞག་པའི་ནང་། དེ་སྔོན་ཕྱི་ལོ་༩༧།༩།༡༨ ཉིན་བཞག་པའི་སྤྱི་མོས་གྲོས་ཆོད་ལ་མཇུག་གནོན་ཐོག་སླར་ཡང་༧གོང་ས་མཆོག་ལ་སྐུ་དབང་ཕུལ་བ་འདི་ནས་ངོ་སྤྲོད་གསལ་པོ་ཡོང་རྒྱུ་བཅས་དགོས་པ་རྒྱུ་ཚན་(མཚན)དུས་ཚོད་སོགས་ཀྱི་ཆ་ནས་རེ་ཞིག་འདིར་འཇུགས་(མཇུག་)བསྡུས་ཏེ་ཁྱེད་ཀྱི་གསུངས་པ་ལྟར་ཟླ་བ་ལྔ་པ་དང། རྒྱལ་བ་ལྔ་པ་ནོར་མཁན་གྱི་གང་ཟག་ཞིག་ལ་ས་གནས་ཀྱི་གནད་ཡོད། སྲིད་དོན་ཚན་རིག་ལ་མཁས་པ་ཞིག་དེ་བས་ཀྱང་གང་ནས་ཡིན་ན་༧གོང་ས་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ལ་བློ་སྙིང་བྲང་གསུམ་བཅོལ་ནས་གཞིས་ཆགས་སྤྱིའི་སྒྲིག་འཛུགས་དང། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་དང་བརྩི་བཀུར་ཞུ་མཁན་གྱི་བོད་ཀྱི་ཡུལ་མི་དཀྱུས་མ་ཞིག་ཡིན་ན་གཡག་རྔ་དཀར་དང། གྲངས་ཀྱི་ལྔ་གཉིས་མ་ནོར་བ་གནང་རོགས་གནང།།
ཀོ་ལི་གྷལ་གཞིས་ཆགས། གཞུང་པ་ཚེ་དབང་བསོད་ནམས།

བསམ་ཚུལ་དང་གསར་འགྱུར་མ་ནོར་བ་གནང་རོགས།

མཁྱེན་དཔྱོད་ཡངས་པ་གཞུང་པ་ཚེ་དབང་བསོད་ནམས་ལགས་ཀྱིས་བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༢༨༧ པར་གསལ་བའི་རྩོམ་སྒྲིག་པའི་གསལ་བཤད་ལ་བསྐྱར་དུ་ལན་འདེབས་ཤིག་གནང་འདུག་པས། གུས་བཀུར་དང་བཅས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། “བོད་ཀྱི་བང་ཆེན་ནི་རྩོམ་སྒྲིག་པའི་བང་ཆེན་དུ་ཁ་ཕྱོགས་པ་མ་རེད་དམ།” ཞེས་གསུངས་འདུག་པ་དང། ད་དུང་ “རྒྱལ་སྤྱིའི་གསར་འགོད་པའི་སྒྲིག་ལམ་གྱི་ནང་དུ་གསལ་བའི་གསར་འགོད་པའི་བཟང་སྤྱོད་ཀྱི་ལས་འགན་འགྲུབ་ཡོད་མེད་”ཀྱི་ཐོག་ལ་དོགས་སློང་ཞིག་གནང་འདུག་པས་བསྐྱར་དུ་གསལ་བཤད་ཁག་ཅིག་མ་ཞུས་ཐབས་མེད་ཆགས་སོང་། གསར་ཤོག་གང་ཡིན་ཡང་རྩོམ་སྒྲིག་པའི་གཏམ་མམ། ཆེད་དུ་བརྗོད་པའི་གཏམ་དེ་གསར་ཁང་དེའི་གནད་དོན་གང་དང་གང་གི་ཐོག་ལ་ལྟ་ཚུལ་ངོ་མ་གང་ཡིན་པ་གསལ་འདོན་བྱེད་ས་དེ་ཡིན། གསར་འགྱུར་ནི་གང་བྱུང་བ་དང་གང་ཡིན་པ་དེ་འགོད་པ་ལས། གསར་འགོད་པ་དང་རྩོམ་སྒྲིག་པའི་བསམ་ཚུལ་གྱིས་གསར་འགྱུར་གྱི་ནང་དོན་ཁ་ཕྱོགས་སྒྱུར་བའི་དབང་ཆ་གཏན་ནས་མེད། དེ་ལྟར་བྱས་ན་གསར་འགོད་པ་དང་རྩོམ་སྒྲིག་པའི་ཀུན་སྤྱོད་ལ་དོགས་འདྲི་གནང་འོས་པ་ཞིག་ལས། གསར་འགོད་པ་དང་རྩོམ་སྒྲིག་པའི་གསལ་བཤད་དང་བསམ་ཚུལ་གསར་ཤོག་ཏུ་བཀོད་པ་ཙམ་གྱིས་གསར་འགོད་པའི་སྒྲིག་ལམ་དང། ཀུན་སྤྱོད་ལ་དྲི་རྟགས་འགོད་དགོས་དོན་གཏན་ནས་མེད་པས་གསར་འགྱུར་དང་བསམ་ཚུལ་ལ་ཁྱད་པར་ཡོད་པ་མཁྱེན་རྟོགས་དགོས་གལ་ཆེ་ཞེས་ཞུ་རྒྱུ་དང།
དེ་བཞིན་ཕྲན་གྱི་གསལ་བཤད་སྔོན་མ་དེའི་ནང་དུ་”ས་གནས་ཀྱི་གནད་ཡོད་ཅིག་དང། སྲིད་དོན་ཚན་རིག་ལ་མཁས་པ་”ཞེས་བྲིས་པ་དེར་ཅུང་ཐུགས་ལ་མ་བབས་པ་འདྲ། དེ་ལྟར་བརྗོད་དགོས་དོན་ཐོག་མ་ཁྱེད་ཀྱིས་རྩོམ་ཡིག་དེའི་ནང་དུ་“ཤིན་ཏུ་ནས་ནོར་ཚབས་ཆེ་བའི་སྲིད་དོན་ཚན་རིག་ལ་སྦྱང་པ་དང་ཐོས་པ་ཉམས་ལེན་དམན་པའི་སྲིད་དོན་པ་ཞིག་ལ་ངོས་འཛིན་དང་བཅས་”ཞེས་སོགས་གསུངས་འདུག་པས། ཕྲན་ལ་དེ་ལྟར་གསུངས་པའི་ཤུགས་ཀྱིས་སྐུ་ཉིད་སྲིད་དོན་ཚན་རིག་ལ་སྦྱང་པ་དང་ཐོས་པ་ཉམས་ལེན་བཅས་ལ་བྱང་ཆུབ་པ་ཞིག་ཡིན་ཚུལ་གསུང་གི་ཡོད་པ་ཞིག་ཏུ་གོ་ཡི་འདུག་ལ། དེ་བཞིན་ས་གནས་ཀྱི་གནད་ཡོད་ཡིན་པའང་དངོས་ཡོད་གནས་ཚུལ་ཡིན་པས་སྲིད་དོན་ཚན་རིག་ལ་མཁས་པ་དང་ས་གནས་ཀྱི་གནད་ཡོད་ཅེས་བརྗོད་པ་ཐལ་ཆ་ཞིག་ཏུ་མཐོང་གི་མེད།

ཡང་“ཁྱེད་ཀྱིས་གསུངས་པའི་མང་གཙོའི་དགོས་འདུན་གཏན་ནས་བཏོན་མེད་པ་ཟེར་བ་དེ་དག་རྩིག་རྨང་མ་བཏིང་སྔོན་ལ་ཐོག་འགེབས་རྒྱུ་ཡོད་པ་ནམ་ཡང་ཤེས་མ་སོང་”ཞེས་གསུངས་འདུག་པ་འདིའི་ཐད་ནས་ངེད་གཉིས་ལྟ་ཚུལ་རྦད་དེ་ཁ་ཁ་རེད། རྒྱ་གཞུང་ལ་སྤྲད་པའི་བསམ་འཆར་ཡིག་ཆ་དེའི་ནང་དུ་གང་འཁོད་པ་དེ་ང་ཚོའི་དགོས་འདུན་རང་ཡིན་པ་ལས། ཡིག་ཆ་དེའི་ནང་གི་དགོས་འདུན་ཁག་རྒྱ་གཞུང་གིས་ཁས་ལེན་བྱས་ན་དེ་རྩིག་རྨང་ལྟ་བུ་ཡིན་པ་དང། ད་དུང་ཁང་པའི་ཐོག་གཞི་ནས་འགེབས་དགོས་པ་ཞིག་ལ་ངོས་འཛིན་རྩ་བ་ནས་ཞུས་མེད། དེ་ལྟར་གོ་བ་ལེན་དགོས་ན་བདེན་པ་ཞེས་པའི་ཚིག་དོན་ལས་རིང་དུ་འདས་ཟིན་པ་མ་རེད་དམ། གཞན་སྔོན་མ་དེའི་ནང་བྲིས་པ་ཁག་བསྐྱར་བཟློས་གནང་འདུག་པས་གསལ་བཤད་ཞུ་དགོས་པ་མ་མཐོང་ལ། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བཅས་ལ་གུས་བཀུར་དང་སྲུང་རྩི་གནང་མཁན་ཞིག་ཡིན་ཚུལ་བསྐྱར་ནན་གྱིས་གསུངས་འདུག་པར་ཐུགས་རྗེ་ཆེ་ཞུ་བ་དང་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།

འདི་ག་གསར་ཁང་ནས་དོན་དངོས་ནོར་འཁྲུལ་ཤོར་བའི་དགོངས་ཚུལ་གསུང་མཁན་རིགས་ལ་བཟོད་གསོལ་དགོངས་སེལ་དང་སྦྲགས་ནས་ནོར་བཅོས་ཞུ་རྒྱུ་དང། གསར་ཁང་དང་རྩོམ་སྒྲིག་པར་དོན་མེད་བསྙད་འདོགས་དང། སྒྲོ་འདོགས་ཀྱི་ཀླན་ཀ་འཚོལ་མཁན་རིགས་ལ་གསར་འགོད་པ་དང་རྩོམ་སྒྲིག་པའི་རང་དབང་དང་ཆེ་མཐོང་སྲུང་སྐྱོབ་ཀྱི་ཆེད་དུ་དམིགས་ནས་རང་དགར་ཁ་བཙུམ་སྟེ་མི་སྡོད་པ་ལངས་ཕྱོགས་གཙོ་བོར་འཛིན་བཞིན་ཡོད་པ་དང། ད་ལྟ་གླེང་བཞིན་པའི་དོན་གནད་ཁག་ཅིག་ཀློག་མཁན་ཚོས་མཁྱེན་དགོས་པའང་གལ་ཆེར་མཐོང་ནས་བསྐྱར་དུ་བྲིས་པ་ཡིན།
བོད་ཀྱི་བང་ཆེན་རྩོམ་སྒྲིག་པས།