ཚགས་ཤོག་དང་དུས་དེབ་ཀྱི་ཁོར་ཡུག

དེ་ལས་ནང་གི་ཤེས་ཡོན་ལ་དོ་སྣང་བྱ་རྒྱུ་གལ་ཆེ་ཡིན་པའི་སྐོར་གསུང་བཤད་ནན་པོ་ཞིག་གནང་བ་དེས། ཆོལ་གསུམ་ཁྱོན་དུ་ཁོང་གི་བཀའ་དང་ལེན་གྱི་ལས་འགུལ་རླབས་ཆེན་ཞིག་གློ་བུར་དུ་བྱུང་བར་སླར་ཡང་ངོ་མཚར་སྐྱེ་སྐབས། སེམས་གཏིང་ནས་འགོག་མེད་དུ་ཤོར་བའི་ཐོལ་ཚོར་ཞིག་ཡིན། ཀློག་མཁན་གྱི་གདེང་འཇོག་འཐོབ་མིན་ལ་མ་ལྟོས་པར་རྒྱུན་ལྡན་གྱི་ཚོར་སྣང་ལྕི་བ་དེ་ཚོ་ནི་དུས་ཐོག་ཏུ་སྐྱུག་མ་ཐུབ་ན་སྲོག་རླུང་གི་རྐྱེན་དུ་འགྲོ་རྒྱུ་ལས་མ་འདས།

དེའི་རྗེས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་ལོ་འཁོར་དུས་དྲན་ཞིག་གི་སྐབས་ྋགོང་ས་མཆོག་གིས་བསྐྱར་དུ་བཙན་བྱོལ་གྱི་ལོ་ངོ་སུམ་ཅུའི་ཤེས་ཡོན་འཐུས་ཤོར་སྐོར་ལ་ཛ་དྲག་གི་གསུང་བཤད་ཅིག་གནང་བ་དེར་སེམས་ཚོར་གང་ཙམ་བྱུང་བས་རྩོམ་ཡིག་འདི་འབྲི་རྒྱུའི་འདུན་པ་བརྟས། སྤྱིར་བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་གྱི་རྒྱུ་རྐྱེན་གླེང་སྐབས་གནད་དོན་གཅིག་ཁོ་ན་རྡོག་སྒྲུག་བྱ་རྒྱུ་མེད་པར།  ཕྱོགས་མང་པོའི་གནས་ཚུལ་ལ་རྟོག་ཞིབ་བྱེད་པའི་ནུས་པ་ལྡན་དགོས་ཤིང༌། ལྷག་པར་དུ་ཡུལ་དུས་གནས་སྐབས་ཞེས་པའི་རྒྱུ་རྐྱེན་ལ་བསམ་བློ་ཞིབ་ཕྲ་གཏོང་རྒྱུ་དེ་བས་གལ་ཆེན་པོ་ཡིན་པ་འདྲ། རང་ཉིད་ལ་མཚོན་ན་དེའི་སྐོར་གྱི་སྤྱིར་བཏང་ཤེས་བྱ་ཡིས་ཁ་མ་བསྙབས་པ་དེ་འདྲ་ལོས་ཡོད། ཡིན་ནའང༌། འདིར་གཙོ་བོ་ནི་དགེ་རྒན་དང་དཔེ་དེབ་ཙམ་གྱི་སྐད་ཆ་མིན་པར། སློབ་གསོའི་སྒྱུ་རྩལ་ལམ་འཐུས་སྒོའི་གནད་དོན་ཐོག་གི་བསམ་ཚུལ་ཞིག་ཡིན། དེ་ཡང་སློབ་མའི་ཤེས་ཡོན་སློབ་གསོའི་བརྒྱུད་རིམ་ནང་རྩོམ་རིག་གི་གལ་འགངས་དང། དེ་ཡང་ཚགས་ཤོག་དང་དུས་དེབ་ཀྱི་ཁོར་ཡུག་གལ་ཆེ་ཚུལ་དེ་ཡིན། གོང་དུ་བཤད་པ་བཞིན་ཡུལ་དུས་ཀྱི་གནས་སྟངས་ཤིག་གི་དབང་ལས་གཞིས་ཀྱི་ཤེས་ལྡན་པ་མང་པོས་ཁོར་ཡུག་འདིའི་དོན་སྙིང་ར་འཕྲོད་དང་། ཉེ་བའི་ལོ་ལྔ་བཅུ་ཙམ་གྱི་ནང་༼བོད་ཀྱི་རྩོམ་རིག་སྒྱུ་རྩལ་༽དང། ༼སྦྲང་ཆར་༽ཞེས་པ་ལྟ་བུའི་དུས་དེབ་འདི་ཚོ་ཕྲུ་གུ་སྟོང་ཕྲག་མང་པོའི་སེམས་ཤུགས་དང་སྤྲོ་བ་སྟེར་བའི་ཞིང་ཁམས་ལྟ་བུ་ཞིག་ཏུ་བསྐྲུན་ནས།  དུས་དེ་ནས་བཟུང་བོད་ལྗོངས་ཀྱི་སྤྱི་ཚོགས་ཧྲིལ་པོར་ཤེས་ཡོན་ཅན་གྱི་དཔུང་ཁག་ཅིག་སྐྱེད་བསྲིང་བྱུང་འདུག་ལ། དེའི་རྐྱེན་གྱིས་བོད་ཕྲུག་མང་པོ་ཞིག་ལ་རང་བཞིན་གྱིས་གོ་རྟོགས་དང་ཕུགས་བསམ་ཞིག་སླེབས་ཡོད་པར་སྙམ། བཙན་བྱོལ་སྤྱི་ཚོགས་སུ་ཕ་མ་དང་གནད་ཡོད་མི་སྣ་གཉིས་ཀས་སློབ་གྲྭས་ཕྲུ་གུར་དེབ་ཀློག་པའི་གོམས་གཤིས་སྟེར་མི་ཐུབ་པའི་འཁང་ར་དང་། ཐ་ན་ཤེས་རིག་ལས་ཁུངས་ཀྱིས་ལས་བྱེད་པ་ཚོར་དག་ཡིག་གསར་སྒྲིག་རིན་མེད་དུ་སྤྲོད་དགོས་པའི་བྱ་ཐབས་དེ་འདྲའང་སྤྱོད་དགོས་ཀྱི་ཡོད། ངས་ཧེ་བག་འདི་ཇི་ལྟར་འོང་མིན་ལ་ཡ་མཚན་དང་བསམ་བློ་འཁོར་མྱོང་ལ་གཞན་ལ་དྲིས་ཀྱང་མྱོང་།

འོན་ཏེ་མང་ཆེ་བས་ཡུལ་དུས་ཀྱི་གནས་སྐབས་ཞེས་པའི་སྐད་ཆ་ཞིག་གི་འོག་ནས་བྲོས་འགྲོ་བ་ལས། བསམ་གཞིག་དང་རིན་ཐང་ཅན་གྱི་སྐད་ཆ་ཤོད་ཀྱི་མི་འདུག དེ་རིང་འདིར་བཤད་པ་ནི་དེའི་སྟོང་ཆ་ཁ་སྐོང་བའི་རྒྱུན་ལྡན་གྱི་བསམ་ཚུལ་ཙམ་ཡིན།  འདི་ཕྱོགས་སུའང་ད་ལྟའི་ཆར་རང་ཉིད་ཀྱིས་དོ་སྣང་དང་ལྕོག་མ་ལྕོག་ཙམ་ལས་ཚགས་ཤོག་དང་དུས་དེབ་ཀྱི་ཁོར་ཡུག་གང་འཚམ་ཡོད་ཅིང། རྩོམ་ཡིག་འདི་འབྲི་མཁན་རང་ཉིད་ལའང་གོ་སྐབས་དེ་དག་གིས་རེ་བ་དང་སྤྲོ་བ་གསར་པ་སྦྱིན་མྱོང་ཡོད་པ་ནི་མྱོང་ཚོར་ཟབ་ཤོས་ཤིག་ཡིན། ཚགས་ཤོག་དང་དུས་དེབ་ཀྱི་གལ་ཆེའི་ཁོར་ཡུག་ལ་བསམ་དུས་དེ་གཉིས་ལྟ་ཀློག་བྱེད་དགོས་པ་ཙམ་ལས། གཞན་པའི་ཚོར་སྣང་ཞིག་སྐྱེ་མ་ཐུབ་ན་ད་དུང་ཡང་ཁྱོད་ལ་དེའི་སྐོར་གྱི་གོ་རྟོགས་དེ་རག་མེད།

འོ་ན་ཇི་ལྟར་བྱ་དགོས་ཤེ་ན། དཔེར་ན་དགེ་རྒན་ཞིག་ལ་མཚོན་ན་ཡང་དུས་དེབ་དང་ཚགས་ཤོག་ག་གེ་མོའི་གནས་ཚུལ་རྒྱུས་ལོན་བྱས་ཏེ། སློབ་ཕྲུག་ལ་དེའི་ནང་གི་སྙན་ངག་དང་། མཚར་གཏམ། ཁ་ཤགས། གབ་ཚིག  སྒྲུང་ཐུང་སོགས་འགྲེལ་བརྗོད་དང་དེ་ལྟར་འབྲི་བའི་སྦྱོང་བརྡར་སོགས་སྤྲོད་ཐུབ་པ་བྱེད་དགོས་ཀྱི་འདུག་སྙམ། འདི་ནི་ཕྲུ་གུས་རང་ཉིད་ཀྱི་རྣམ་དཔྱོད་བརྡར་བའི་གོ་སྐབས་གལ་ཆེན་ཞིག་ཡིན།  ང་ཚོས་འདིའི་རིགས་ལ་སྣང་མེད་ཀྱིས་དགེ་རྒན་གྱིས་ཤོད་རྐྱང་དང་སློབ་མས་ཉན་རྐྱང་བྱེད་ཀྱི་ཡོད། བྱེད་སྒོ་འདི་ཚོའི་རིགས་ནི་འཛིན་རིམ་བདུན་པ་ཙམ་ནས་ངེས་པར་དུ་ནུས་པ་འཐོན་པར་བྱ་དགོས་ཤིང༌། དེ་ལྟར་མ་བྱུང་ཚེ་རིམ་བཞིན་ལོ་ནའི་བབ་དང་སྤྱི་ཚོགས་ཀྱི་གནོན་ཤུགས་ཤིག་གི་དབང་ལས་དེ་ཚོ་ཆོ་མེད་དུ་མི་མཐོང་བའི་ངེས་པ་གང་ཡང་མེད། ད་ལྟའི་ཆར་འདི་ཕྱོགས་སུ་ཚགས་པར་རེ་གཉིས་ལས་ཡོངས་ཁྱབ་ཀྱི་དུས་དེབ་གྲགས་ཅན་དེ་འདྲ་རྒྱུན་མཐུད་ནས་སྤེལ་ཐུབ་ཀྱི་མེད་ཀྱང༌། ཤེས་ཡོན་གྱི་སྡེ་ཁག་ཕལ་ཆེ་བར་རང་གིས་གཉེར་བའི་དུས་དེབ་དང་ཚགས་ཤོག་རེ་གཉིས་ཡོད་པར་བརྩི་མཐོང་དང་དེ་དག་ལ་ད་དུང་ཤུགས་རྒྱག་དགོས། རྩོམ་ཡིག་འདིའི་རེ་སྐུལ་ཡང་དེ་ཉིད་ཡིན། ད་དུང་བློ་ཕམ་ཤོས་ཤིག་ནི་ད་ལྟའི་ཆར་བོད་ཕྲུག་ཚོར་དབྱིན་ཡིག་ཐོག་འབྲི་རྩལ་སྦྱོང་བའི་ཁོར་ཡུག་ཧ་ཅང་ཆུང་བ་འདི་རེད། བར་ལམ་ནས་བོད་ཀྱི་འཛམ་གླིང་དང་(Tibetan World)བོད་ཀྱི་དེ་རིང་(Tibet Today)ཞེས་པའི་དུས་དེབ་རེ་གཉིས་ཐོན་ཞིང་དེ་དག་ལ་ངས་རེ་བ་ཆེན་པོ་རྒྱག་མྱོང་ཡང་ད་ལྟ་གོ་རྒྱུ་ཚོར་རྒྱུ་མེད་པར་ཤི་ཚར་བ་འདྲ། ཐ་ན་དུས་དེབ་ཀྱི་རྩོམ་སྒྲིག་པར་ཡང་གློག་འཕྲིན་བརྒྱུད་དེ་འབྲེལ་བ་བྱས་ཀྱང་ཁ་གྲག་གི་མི་འདུག ད་ལྟ་ཕལ་ཆེར་ཤི་ཚར་བར་བརྩིས་ན་འགྲིག     ང་ཚོ་བོད་ཕྲུག་ཚོས་རྒྱལ་སྤྱིའི་ནང་ཡོངས་གྲགས་ཀྱི་དེབ་ཚད་ལྡན་འབྲི་བ་དང༌། རིགས་གཅིག་རྐང་འཛིན་བྱེད་མི་ཐུབ་པའི་དཀའ་ངལ་རྐྱང་རྐྱང་ཤོད་པ་ལས། གཞན་དག་གིས་དེ་ཇི་ལྟར་བྱས་ནས་འཇོན་གྱི་ཡོད་པའི་བརྒྱུད་རིམ་ལ་མནོ་བསམ་གཏོང་གི་མི་འདུག བང་རྩལ་གྱི་མཐའ་འབྲས་ལེགས་པོ་ཞིག་འདོད་ན་ནི་སྔོན་དུ་སྦྱོང་བརྡར་མ་བྱས་པར་ག་ལ་ཡོང༌། དུས་དེབ་དང་ཚགས་ཤོག་ནི་སློབ་མས་ཤེས་ཡོན་གྱི་འགྲོས་སྦྱོང་ས་ཡག་ཤོས་དེ་རེད། ང་ཚོས་འདབ་གཤོག་གཉིས་ལྡན་གྱི་ཕུགས་རེ་འཆང་གི་ཡོད་ཀྱང༌། མཐོ་རིམ་སློབ་མ་ཞིག་གིས་རང་གི་སྐད་ཡིག་ལ་འབྲི་ཀློག་གི་གནས་ཚད་ཙམ་ཡང་མི་ལྡན་པའི་གནས་སྟངས་ཡ་ང་བ་དེས། དུས་རབས་ཉེར་གཅིག་པའི་ཆོས་པ་དང་འདབ་གཤོག་གཉིས་ལྡན་གྱི་རེ་བ་དེ་ཡང་གནམ་ལ་ཐེམ་སྐས་འཛུགས་པའི་བྱ་ཐབས་རང་རེད། ཡི་གེ་འབྲི་ཀློག་ཙམ་རང་རྐྱ་འཕེར་བར་བྱ་རྒྱུ་ནི་སྐད་ཡིག་དེ་སྦྱངས་པའི་དགོས་དོན་དང་པོ་དེ་ཡིན་པ་ལས། སྐད་ཡིག་དེའི་རྒྱབ་ཀྱི་རིག་གནས་དང༌། གོམས་གཤིས། འཚོ་བའི་ལྟ་གྲུབ་སོགས་ལ་གོ་རྟོགས་ལྡན་པར་བྱེད་པའི་མི་ཚེའི་དོན་སྙིང་གི་བྱ་གཞག་རླབས་པོ་ཆེ་དེ་འདྲ་གང་ཡང་མ་རེད། ནོར་འཁྲུལ་ཆེ་ཤོས་ཤིག་ནི་ཤེས་ཡོན་གྱི་སྡེ་ཁག་དེ་ཚོའི་འགོ་ཁྲིད་དམ་སྣེ་མོར་གཏོགས་པ་དེ་ཚོས་སློབ་མའི་སློབ་གྲྭའི་དུས་དེབ་ཀྱི་ངོ་བོ་དང་ཕན་འབྲས་ལ་རེ་འདོད་བྱ་རྒྱུ་ཤུགས་ཆེ་དྲགས་པ་དེ་རེད།    ངས་གོང་དུ་བཤད་པ་བཞིན་ཁོང་ཚོས་ཕྲུ་གུའི་རྩོམ་ཡིག་འདོན་སྤེལ་བྱེད་པ་དེ་གཙོ་བོ་སྦྱོང་བརྡར་དང་སྤྲོ་སྣང་ཞིག་བསྐྲུན་རྒྱུའི་ཆེད་དུ་མིན་པར། དེ་ལས་ལྡོག་སྟེ་ཐོག་མ་ཉིད་ནས་ཚད་མཐོའི་གནས་ཚད་ཀྱི་རིན་ཐང་ཤ་སྟག་གླེང་ནས་སློབ་མའི་ཡིད་ཆེས་དང་རེ་བ་བརླག་ཏུ་འཇུག་གི་འདུག དེའི་དབང་གིས་བོད་ཕྲུག་ཚོར་རྩོམ་ཡིག་འབྲི་བའི་སྤོབས་པ་ཞིག་རག་གི་མེད་པ་དང། དེ་ཁོ་ནས་ཆེད་ལས་ཀྱི་སྒོ་མང་པོ་ཞིག་རང་བཞིན་གྱིས་འགག་པ་རེད།     དེའི་ཆེད་ངའི་མིག་མདུན་དུ་ཡོད་པའི་ཤེས་ཡོན་གྱི་སྡེ་ཁག་ཚང་མས་གཉེར་མྱོང་བའམ་ད་ལྟ་ཡོད་བཞིན་པའི་དུས་དེབ་དང་ཚགས་པར་གྱི་རིགས་ལ་དོ་སྣང་དང་། གལ་ཏེ་ཤི་ཚར་བ་ཡིན་ནའང་དེ་དག་གི་རྣམ་ཤེས་སླར་ཡང་མགྲོན་དུ་བཀུག་ནས།  བཙན་བྱོལ་སྤྱི་ཚོགས་ནང་རྩོམ་ཡིག་གི་གོམ་ཞེང་ཆེན་པོ་ཞིག་སྤོ་རྒྱུའི་ཚོར་སྣང་ཟབ་མོ་ཞིག་མཉམ་དུ་སྐྱེད་རོགས་ཞེས་སླར་ཡང་འབྲི་བར་ཤོར་སོང།།{jcomments on}

{jcomments on}