ཁྲག་གི་མིང་རྟགས་དང་ཞུ་ཡིག་རྒྱལ་ཚོགས་སུ་འབུལ་རྒྱུ་ཡིན་ཟེར།
ཟླ་འདིའི་ཚེས་༢༤ ཉིན་དྷ་ས་བདེ་དོན་ཁོར་ཡུག་ཚོགས་ཁང་ནང། བོད་དོན་ལས་འགུལ་བ་སྐུ་ཞབས་མཱ་ཧི་ཤི་ཡཱ་དྷབ་མཆོག་དང། ཁོང་གི་ཕྱག་རོགས་ལོ་འདིའི་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་། སྐབས་དེར་བོད་དོན་ལས་འགུལ་བ་རྒྱ་གར་གྱི་མི་རིགས་ཡིན་པ་སྐུ་ཞབས་མཱ་ཧི་ཤི་ཡཱ་དྷབ་མཆོག་གིས། ངས་རྒྱ་གར་གྱི་ས་གནས་ཁག་དང་བོད་མི་གནས་ཡུལ་ཁག་ཏུ་མཚན་རྟགས་མང་པོ་བསྡུ་རུབ་བྱས་པ་དང། རང་ཉིད་ཀྱི་ཁྲག་གིས་ཨ་རི་སྲིད་འཛིན་གྱི་འདྲ་རིས་བྲིས། དེ་ནས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་གཞུང་། རྒྱ་གར་གྱི་སྲིད་བློན་མན་མཱོ་ཧན་སིང་བཅས་ལ་འབུལ་རྒྱུ་ཡིན། རྒྱ་གར་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་སོགས་ལ་ངའི་ངོས་ནས་ཁས་ལེན་བྱེད་ཐུབ་ཀྱི་མི་འདུག ངས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་བོད་དོན་ཁྱབ་བསྒྲགས་སོགས་ཀྱི་ལས་འགུལ་སྤེལ་དོན་འདིའང། བོད་ཀྱི་རང་དབང་དང་རང་བཙན་གྱི་ཆེད་དུ་ཡིན་ཞེས་དང།
ཁོང་གིས་མུ་མཐུད་ནས། སྤྱིའི་ཆ་ནས་ང་བོད་པ་མིན་ལ་ནང་པའང་མིན། ངས་བོད་དོན་གྱི་ཆེད་དུ་ལས་འགུལ་འདི་ལྟར་སྤེལ་བའི་རྒྱུ་མཚན་གཞན་ཞིག་ནི། ང་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་རྗེས་འབྲངས་པ་ཡིན་ཞིང། ༧ཏཱ་ལའི་བླ་མ་མཆོག་གིས་འཚེ་མེད་ཞི་བའི་དོན་དུ་སྐུ་ལས་བསྐྱོན་གྱི་ཡོད་པ་འདིའི་ཆེད་དུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་དང་དེ་མིན་གྱི་རྒྱལ་ཁབ་ཁག་ལ་འགྲོ་བསྐྱོད་སྐབས། ལས་འགུལ་བཀག་འགོག་བྱེད་མཁན་ཡོང་གི་མ་རེད་བསམ་གྱི་ཡོད། གལ་སྲིད་བྱུང་བ་ཡིན་ན་རྒྱལ་སྤྱིའི་ཁྲིམས་ཁང་ནང་ཞུ་གཏུག་བྱེད་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་ཅེས་གསུངས་སོང།
ཁོང་གི་ཕྱག་རོགས་ལོ་འདིའི་བོད་ཀྱི་མཛངས་མ་བསྟན་འཛིན་ནོར་འཛོམས་ཀྱིས། སྐུ་ཞབས་མཱ་ཧི་ཤི་ཡཱ་དྷབ་ལགས་ཀྱིས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་འདིའི་ནང་། བོད་པའི་བུ་མོ་དགོས་ཀྱི་འདུག་ཅེས་ང་ལ་རེ་བ་གནང་བ་བཞིན། ངས་ཁོང་བོད་པ་མིན་པ་ཞིག་གིས་བོད་དོན་ཐོག་ལས་འགུལ་འདི་ལྟར་སྤེལ་གྱི་ཡོད་པར་རྒྱབ་སྐྱོར་བྱེད་དགོས་བསམ་ནས་ཁས་ལེན་བྱས་པ་དང། ཁོང་གིས་ལས་འགུལ་འདིའི་རིགས་ཨ་རི་སོགས་སུ་སྤེལ་མྱོང་ཡོད་རེད། ད་ལྟའི་ཆར་ང་ཚོའི་འཆར་གཞི་ལྟར་ང་ཨ་རི་སོགས་སུ་འགྲོ་ཐུབ་མིན་བཤད་ཚོད་ཐིག་མ་སོང། དེ་བཞིན་སླེབས་ལ་ཉེ་བའི་བདག་ཉིད་ཆེན་པོ་གྷན་དྷིའི་འཁྲུངས་སྐར་གྱི་སྐབས་སུ། གྷན་དྷི་མཆོག་གི་མཛད་རྣམ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་ཀྱང་གཟིགས་འབུལ་ཞུ་ཡི་ཡོད་ཅེས་སོགས་གསུངས་སོང།།
{jcomments on}