སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་མི།
བཙན་བྱོལ་དུ་མ་འབྱོར་སྔོན་ཚད་མའི་གཞུང་དང་ཐུན་མོང་རིག་གནས་སོགས་ལ་སྦྱངས་པ་གང་ལེགས་བྱས་མྱོང་ཞིང་། ཕྱི་ལོ་༡༩༨༨ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ། ༧གོང་ས་མཆོག་གི་ཐུགས་རྗེ་ཉག་གཅིག་ལ་བརྟེན་རྣམ་རྒྱལ་གྲྭ་ཚང་སོགས་ནས་སློབ་གཉེར་ལོ་བཞིའི་རིང་བྱས་འདུག་པ་མ་ཟད། ཕྱི་ལོ་༡༩༩༣ ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། གཞུང་ཆེན་ཁག་ལ་སློབ་གཉེར་རིམ་བཞིན་བྱས་ཏེ་ཕྱི་ལོ་༢༠༠༧ ལོ་མཇུག་ཏུ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་པའི་འབྲས་རྟགས་སུ་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་བཀའ་རམས་འབྱམས་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་བསྩལ། འབྲས་སྤུངས་ཚོགས་ཆེན་དང་སྒོ་མང་གྲྭ་ཚང་གི་འདུས་ཚོགས་སུ་གྲྭ་སྐོར་དམ་འཇོག་སོགས་ལེགས་པར་གྲུབ།
སྤྱི་ཚོགས་ཞབས་ཞུའི་སྐོར།
མོན་གྷོ་འདོད་གླིང་ས་གནས་མདོ་སྨད་སེར་སྐྱ་མི་མང་གིས་འོས་འཕེན་བྱུང་བ་ལྟར། ས་གནས་མདོ་སྨད་རྒྱུན་ལས་སྐབས་གཉིས་པ་དང་ལྔ་པའི་ཚོགས་གཙོའི་ལས་འགན་ལོ་དྲུག་ཞུས་རིང་དབུས་ས་གཉིས་ཀྱི་བར་མཐུན་ལམ་དང་། ས་གནས་སུ་ལས་དོན་བྱེད་ཕྱོགས་སོགས་གང་ཅིའི་ཐད་ཚགས་ཚུད་བྱུང་བར་བརྟེན། སྐབས་བཅུ་པ་དང་། སྐབས་གཅུ་གཅིག་པའི་མདོ་སྨད་དབུས་རྒྱུན་ལས་སུ་བསྟུད་མར་འདེམས་ཐོན་བྱུང་སྟེ། ལས་ཡུན་ལོ་དྲུག་རིང་ལས་དོན་སྣ་མང་ཞིག་བྱས་པའི་ནང་ནས་གཙོ་བོ་སྤྱི་ཁྱབ་དྲུང་ཆེ་གཞོན་པ་དང་། དྲིལ་བསྒྲགས་འགན་འཛིན་། དཔལ་འབྱོར་འགན་འཛིན། དབུས་ཆོལ་ཁ་གསུམ་མཉམ་འབྲེལ་སྤྱི་ཁྱབ་རྒྱུན་ལས་སོགས་གནང་འདུག་པ་མ་ཟད། དབུས་ཆོལ་གསུམ་དང་མདོ་སྨད་རྒྱུན་ལས་ཀྱི་སྐུ་ཚབ་ཞུས་ཏེ། ཆབ་སྲིད་དྲིལ་བསྒྲགས་དང་། དཔལ་འབྱོར་འདུ་འགོད། ཆབ་སྲིད་སློབ་གསོ་སོགས་ཕྱོགས་བསྐྱོད་ཁག་སོ་སོར་འགན་ཁུར་གཙོ་བོ་བྱས་ཏེ་མི་མང་ལ་ཆབ་སྲིད་གོ་རྟོགས་གང་ལེགས་བྱུང་བས་རྒྱ་ཆེའི་མི་མང་ནས་དགའ་བསུ་ཞུ་ཡུལ་ཞིག་ཆགས་འདུག མ་ཟད་ལོ་ངོ་དེ་དག་རིང་བོད་དོན་བདེན་མཐའ་གསལ་ཆེད། ཞི་བའི་གོམ་བགྲོད་དང་ཟས་བཅད་ངོ་རྒོལ་སོགས་ལས་འགུལ་ནམ་སྤེལ་སྐབས་མཉམ་ཞུགས་གནང་མཁན་དང་། གཙོ་འགན་འཁུར་མཁན། སྣེ་ཁྲིད་བྱེད་མཁན་གྱི་མི་སྣ་གལ་ཆེན་ཞིག་རེད་འདུག ལས་རྒྱུན་རིང་ལས་དོན་གང་ཅིའི་ཐོག་འཐུས་ཤོར་མེད་པ་ལྷག་བསམ་ཧུར་བསྐྱེད་བྱས་འདུག་པ་ལ་བརྟེན་ནས་ཆོལ་གསུམ་གནད་ཡོད་མི་སྣ་མང་པོས་ཁོང་ལ་བསྔགས་བརྗོད་བྱེད་བཞིན་འདུག འདི་ག་གྲྭ་མང་ནས་ཀྱང་འོས་འཕེན་རིམ་པར་གནང་བར་བརྟེན་རིམ་བཞིན་ཞིང་འབྲོག་འགན་འཛིན་དང། ཚོང་ལས་འགན་འཛིན་སོགས་འདུས་མང་སྲི་ཞུ་མཐའ་འཁྱོལ་བ་བྱས། ཕྱི་ལོ་༢༠༠༧ ལོ་ནས་བཟུང་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་འཛིན་སྐྱོང་ཕྱག་མཛོད་དང་། ནང་པའི་རིག་གཞུང་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གཅིག་ལྕོགས་སུ་གནང་མུས་འདུག མདོར་ན་ཁོང་ལ་མི་མང་གི་འོས་འཕེན་ནམ་བྱུང་སྐབས་སོ་སོར་ལས་འཁུར་ཆེ་ཆུང་དང་འོས་བབས་འཚམ་མིན་སོགས་ཀ་ཀོར་གླེང་རྙོག་གང་ཡང་མ་བྱས་པར་ལས་འགན་ཡོད་ཚད་མཐའ་འཁྱོལ་བ་གནང་སྟངས་ལ་བལྟས་ན། ཁོང་ལ་མང་གཙོའི་གོ་རྟོགས་གཏིང་ཟབ་ཡོད་པ་དང་། མང་གཙོ་ལ་བརྩི་བཀུར་གདེང་འཇོག་ཚད་ལྡན་དང་། ལྷག་བསམ་གཞུང་སེམས་རྣལ་མ་ཡོད་པའི་དན་རྟགས་མངོན་གསལ་ཞིག་རེད། གོང་ཞུས་ལྟར་མདོར་ན། ཁོང་ནི་ཆོས་དང་ཆབ་སྲིད། འཛིན་སྐྱོང་། སོ་ནམ་ཞིང་ལས་དང་ཕྱུགས་ལས། ཚོང་ལས་སོགས་ལ་ལོ་མང་རིང་དམིགས་བསལ་ཉམས་མྱོང་ལྡན་ཞིང་། དེ་ཡང་སྤྱི་ཚོགས་དང་མི་མང་གི་ལས་དོན་ལ་དངོས་སུ་ཞུགས་པའི་ཚད་ལྡན་གྱི་ཉམས་མྱོང་དང་སློབ་སྦྱོང་ཐོབ་ཡོད་པས་སྤྱི་འཐུས་ཤིག་ལ་དགོས་པའི་ཆ་རྐྱེན་དང་པོ་དང་། ཁོང་ནི་༧གོང་ས་མཆོག་དང་བོད་གཞུང་གི་ལངས་ཕྱོགས་ཐོག་དུས་ནམ་ཡིན་ཡང་ལྷག་བསམ་ལྡན་ཞིང་། གཞུང་སེམས་བརྟན་པ། རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་གི་ཡོད་ཚད་བློས་གཏོང་ཐུབ་མཁན་གྱི་མི་སྣ་གལ་ཆེན་ཞིག་རེད་འདུག་པས་སྤྱི་འཐུས་ཤིག་ལ་དགོས་པའི་ཆ་རྐྱེན་གཉིས་པ། ཁོང་ནི་ལས་དོན་གང་གི་ཐོག་ལའང་བསམ་ཕོད་པ། སྒྲུབ་ཕོད་པ། བཤད་ཕོད་པ་བཅས་ཕོད་པ་གསུམ་དང་ལྡན་པའི་ཆ་ནས་སྤྱི་འཐུས་ཤིག་ལ་དགོས་པའི་ཆ་རྐྱེན་གསུམ་ཡང་ཚང་འདུག་སྟབས། རྒྱ་ཆེའི་མདོ་སྨད་སེར་སྐྱ་མི་མང་ཡོངས་ནས་གཉན་འཕྲང་ཅན་གྱི་དུས་མཚམས་དམིགས་བསལ་ཅན་གྱི་སྐབས་འདིར་གཞིས་བྱེས་གཉིས་ཀྱི་ངོ་བོ་མཚོན་པའི་སྤྱི་འཐུས་ཚད་ལྡན་ཞིག་དགོས་ཚེ་མི་སྣ་ཁོང་དང་ཁོང་ལྟ་བུ་ལ་འོས་འཕེན་ཡོང་བའི་འབོད་སྐུལ་ཞུ།
ལས་རྒྱུན་རིང་གི་འཐབ་གྲོགས་པདྨ་རིན་ཆེན་དང་རྒྱལ་རོང་ནམ་མཁའ་སོགས་དབུས་རྒྱུན་ལས་ཟུར་བ་ཁག་གཅིག་དང་གསེར་སྐང་དགེ་འདུན་རྒྱ་མཚོ་དང་གཞུང་པ་དཀོན་མཆོག་རྒྱ་མཚོ་སོགས་ས་གནས་རྒྱུན་ལས་ཟུར་པ་ཁག་གཅིག་བཅས་ཐུན་མོང་ནས།།