བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ལ་ཕེབས་བསུའི་གསོལ་སྟོན།

སྐབས་དེར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བས་དབུས་ཁྲིམས་ཞིབ་པ་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱིས་དབུས་སྤྱི་འཐུས་རྣམ་པ། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་སྐུ་ཚབ་རྣམ་པ། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ཕྱི་རྒྱལ་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་སོགས་མི་མང་སུམ་བརྒྱ་བདུན་ཅུ་མ་ཟིན་ཙམ་ཕེབས་ཡོད་པ་རེད།

dinner atnamdrol lingགསོལ་སྟོན་འདེགས་འབུལ་མ་ཞུས་པའི་སྔོན་དུ་རྣམ་གྲོལ་གླིང་གི་མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་གིས་ཚོགས་ཞུགས་པ་ཡོངས་ལ་འཚམས་འདྲིའི་གསུང་བཤད་གནང་བ་དང་། སྐབས་དེར་བོད་དུ་ཆོས་དར་བ་ནས་ད་ལྟའི་བར་གྱི་གནས་སྟངས་དང་། རྒྱ་གར་ལྷོ་ཕྱོགས་སུ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གསར་འཛུགས་དང་ལྟའི་གནས་སྟངས་བཅས་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཕེབས་བསུའི་གསོལ་སྟོན་གྲ་སྒྲིག་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད། སླད་ཀྱི་ཆར་ཡང་བོད་གཞུང་གིས་བཀའ་མངག་ག་རེ་གནང་ཡང་གུས་བརྩི་དང་ལེན་ཞུ་རྒྱུ་བཅས་ཀྱི་སྐོར་གསུང་བཤད་གནང་སོང་། དེའི་རྗེས་སུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་ཞུགས་པ་ཡོངས་ལ་འཚམ་དང་། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ནས་ཕེབས་བསུའི་གསོལ་ཚིགས་འདེགས་འབུལ་གནང་བར་ཐུགས་རྗེ་ཞུ་བའི་གསུང་བཤད་མདོར་བསྡུས་ཤིག་གནང་ཡོད་པ་རེད།

དགོང་མོའི་གསོལ་ཚིགས་གྲུབ་པའི་རྗེས་སུ་རྣམ་གྲོལ་གླིང་གྲྭ་ཚང་ནས་ཚོགས་ཞུགས་པ་ཡོངས་ལ་སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་གསུམ་པ་སྐུ་ཞི་བར་གཤེགས་པ་༧ སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གི་རྗེས་དྲན་གྱི་དེབ་རེ་དང་ཁ་བཏགས་བཅས་འབུལ་ལམ་ཞུས་ནས་དགོང་མོའི་གསོལ་ཚིགས་གྲུབ་ཡོད་པ་དང་། སང་ཉིན་ཕྱི་ཚེས་༢༦ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དངོས་སུ་དབུ་འཛུགས་གནང་རྒྱུ་ཡིན་པ་རེད།།

ས་གནས་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།

{jcomments on}