ཁམས་སྡེ་དགེ་དཔལ་ཡུལ་དུ་ངོ་རྒོལ་བྱས་ནས་བོད་མི་བསད་པ།
དེའང་འབྲེལ་ཡོད་མི་སྣས་གནས་ཚུལ་བཤད་དོན་ལྟར་ན། དཔལ་ཡུལ་རྫོང་གི་ཁྲོམ་ཐར་ཆུས་ལ་དགྲ་གཞུང་གིས་གསེར་གྱི་གཏེར་ཁ་སྔོག་འདོན་བྱས་ནས་ལོ་བཅོ་ལྔ་ཉི་ཤུ་ཡན་མན་སོང་ཡོད་ལ། དེ་དང་བསྟུན་ནས་འཆའ་གཞི་ལྡན་པའི་ངང་རྒྱ་མི་གང་མང་ཞིག་ཀྱང་སླེབས་ཀྱིན་ཡོད་འདུག
དེ་ཚོའི་ཐད་ལ་རྒྱུན་དུ་ནས་ཡུལ་མི་ཚོས་གཏེར་ཁ་སྔོག་འདོན་གྱི་བྱ་བ་དེར་བརྒྱུད། ཡུལ་གྱི་ས་བཅུད་ཉམ་པ་དང་། སེམས་ཅན་ལ་རྩྭ་གཟའི་གོད་ཆག་ཐེབས་པ་སོགས་ཕྱོགས་གང་ནས་དོགས་ཟོན་དང་། མི་འདོད་པའི་རྣམ་འགྱུར་འདོན་བཞིན་ཡོད་འདུག ཉིན་ཤས་སྔོན་ཡུལ་དེའི་སྡེ་དཔོན་བཀྲ་ཤིས་བཟང་པོ་དང་མི་མང་ཁག་ཅིག་གྲོས་མཐུན་གྱིས་དཔལ་ཡུལ་རྫོང་ལ་སོང་ནས་གཏེར་ཁ་སྔོག་འདོན་གྱིས་རང་བྱུང་ཁམས་ལ་གནོད་སྐྱོན་དང་། མི་མང་ལ་དཀའ་ངལ་སྐོར་གྱི་སྙན་ཞུ་ཕུལ་ཏེ་མཚམས་འཇོག་ཡོང་བ་ཞུས་ཀྱང་། རྫོང་གི་ཉེན་རྟོག་པས་ཁོང་ཚོ་ལ་ནག་ཉེས་བཙུགས་ནས་འཇུབཟུང་བྱས་ཡོད་པ་རེད་འདུག
དེའི་བརྙས་བཅོས་དེ་མ་ཆོག་ནས་ཡུལ་གྱི་མི་མང་བཞི་བཅུ་ལྷག་འདུས་ཏེ། འཇུ་བཟུང་བྱས་པའི་མི་དག་འཕྲལ་མ་གློད་དགོས་ཡོད། གཏེར་ཁ་སྔོག་འདོན་གྱི་ལས་མཚམས་མ་བཞག་ན། ང་ཚོ་ལ་ས་རིན་དང་། ཁ་གསབ་ཀྱི་རིན་པ་སྤྲད་དགོས་ཡོད། དེ་ལྟར་གང་ཞིག་ལག་ལེན་མ་བསྟར་ན་ང་ཚོས་རང་གར་འཇོག་ཐབས་མེད་ཅེས་ཉིན་གསུམ་ཙམ་རིང་ཉེན་རྟོག་པའི་སྒོར་བསྡད་ཡོད་པ་རེད།
ཡིན་ནའང་ཞོགས་པ་ཞིག་ལ། ཉེན་རྟོག་པས་ཁོང་ཚོའི་ཁྲོད་དུ་དུག་རླངས་ཅན་གྱི་སྦྲིད་སྨན་བདུག་སྟེ། ཚང་མ་འཇུ་བཟུང་བྱ་རྒྱུའི་བྱུས་གཤོམ་ཡོད། སྐབས་དེར་དུག་རླངས་ཀྱིས་སྦྲིད་ཟིན་པའི་བོད་མི་ཁག་ཅིག་རླངས་འཁོར་ནང་འཇོག་བཞིན་པའི་ངང་། བོད་མི་ཁག་ཅིག་དུག་རླངས་ཀྱིས་གནོད་སྐྱོན་མ་བྱུང་བ། ཁོང་ཚོའི་བྱུས་ངན་གཤོམ་པ་ཤེས་རྟོགས་བྱུང་བ་དང་། ཧང་སངས་ནས་སྐད་རྒྱག་ཡོད། སྐབས་དེར་དགྲ་གཞུང་གིས་དམིགས་གཏད་བྱ་སའི་སྡེ་དཔོན་གྱི་རྐང་པའི་ཐོག་མེ་མདའ་བརྒྱབ་པ་དང་། ཁོང་གི་སྤུན་གྲོགས་གཞན་པ་དག་དེའི་ཕྱོགས་སུ་རྒྱུག་ཡོད་པ་རེད་འདུག དེ་དང་དུས་མཚུངས་མེ་མདའ་མི་ཚོགས་ཁྲོད་བརྒྱབ་ནས་མི་གཅིག་དེ་རང་བསད་པ་དང་། མི་གྲངས་སུམ་ཅུ་ཙམ་གྱི་རྐང་ལག་ལ་མེ་མདའ་རྒྱབ་པ། དེ་ལས་ཀྱང་མི་གྲངས་ལྔ་དྲུག་ཙམ་ད་ཆར་ཤི་གསོན་ཆ་འཚལ་བ་ལུས་ཡོད་པའི་གནས་ཚུལ་ཛ་དྲག་ཐོན་ཡོད་འདུག
རྐྱེན་ཆག་དེའི་ཁྲོད། དགྲ་གཞུང་གིས་བརྒྱུད་བསྐུལ་གཏོང་མཁན་ཡིན་ཟེར་ནས་གྲྭ་བ་ཁག་ཅིག་ལ། ཉེས་འཛུགས་ཀྱིས་བཟུང་ཟིན་ཡོད་འདུག་ལ། དེ་འདྲའི་ཛ་དྲག་གི་གནས་སྟངས་ཁྲོད་བོད་མི་མང་ཚོགས་ཅི་བྱ་གཏོལ་མེད་ངང་ལུས་ཡོད་པའི་གནས་ཚུལ་སྐྱོ་བོ་ཞིག་ཀྱང་ཐོན་འདུག་ཅེས་འཆམ་ར་བས།