ཀརྨ་པ་མཆོག་རྒྱ་གར་གྲོང་ཁྱེར་ཀ་ལི་ཀ་ཏ་རུ་ཕེབས་པ།

karmapaatkolkataཚེས་༢༦ ཉིན་གྱི་ཉིན་རྒྱབ་ཏུ་རྒྱལ་དབང་ཀརྨ་པ་མཆོག་མཱ་དྷར་ཁྲེ་རི་སཱ་དེ་སྔོན་བཞུགས་སའི་ཁང་པར་ཕེབས་ནས་མེ་ཏོག་སོགས་ཀྱིས་མཆོད་པ་ཕུལ་བ་དང་ཐུགས་སྨོན་གནང་ཞིང་། དགོང་མོར་གཞོན་ནུ་ལོ་ཆུང་གི་སྤྱི་ཚོགས་བདེ་དོན་ཚོགས་པ་ཞེས་པའི་གོ་སྒྲིག་འོག་མཱ་དྷར་ཁྲེ་རི་སཱ་ཡི་འཁྲུངས་སྐར་གྱི་མཛད་རིམ་སྐུ་པར་འགྲེམས་སྟོན་གནང་ཡོད་པ་དེར་ཕེབས་ནས་གཟིགས་ཞིབ་གནང་ཡོད་པ་རེད་འདུག

ཚེས་༢༦ ཉིན་ནི་མཱ་དྷར་ཁྲེ་རི་སཱ་སྐུ་འཁྲུངས་ནས་ལོ་བརྒྱ་ཏག་ཏག་འཁོར་བའི་ཉིན་མོ་ཡིན་པ་རེད། དེ་ཡང་ཁོང་ནི་ཕྱི་ལོ་༡༩༡༠ ལོའི་ཕྱི་ཟླ་༨ ཚེས་༢༦ ཉིན་ཤར་ཡུ་རོབ་ཀྱི་ཨལ་བྷི་ན་ཡའི་རྒྱལ་ཁབ་ཏུ་སྐུ་འཁྲུངས་པ་དང། ཕྱི་ལོ་༡༩༢༩ ལོར་རྒྱ་གར་གྲོང་ཁྱེར་ཀ་ལི་ཀ་ཏ་ཏུ་ཕེབས་ནས་ཡེ་ཤུའི་བཙུན་མའི་སྡོམ་པ་བཞེས་པ་ནས་བཟུང། རིམ་བཞིན་ཁྱིམ་ཚང་སྐྱོ་པོ་ཚོ་ལ་རོགས་རམ་བྱེད་པའི་ཕྱག་ལས་དབུ་བཙུགས་པ་མ་ཟད། ལྷག་པར་དུ་མཛེ་ནད་ཅན་གྱི་ནད་པ་རྣམས་ལ་ལྟ་རྟོག་གནང་བའི་ལས་གཞི་མཇུག་སྐྱོང་གནང་བར་བརྟེན། ཕྱི་ལོ་༡༩༨༡ ལོར་རྒྱ་གར་གཞུང་གིས་དམ་པ་ཁོང་རྒྱ་གར་གྱི་མི་སེར་ངོ་བོར་ངོས་ལེན་གནང་བ་མ་ཟད། སྙན་གྲགས་ཅན་གྱི་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱང་བཞེས་མྱོང་ཡོད་པ་རེད།།

{jcomments on}