བོད་མིར་མེ་མདའ་བརྒྱབ་པར་ངོ་རྒོལ།

མདོ་ཁམས་དཔལ་ཡུལ་རྫོང་དུ་རྒྱ་ནག་གཞུང་གི་གཏེར་ཁ་སྔོགས་འདོན་པར་ས་གནས་བོད་མིས་ངོ་རྒོལ་བྱས་པར་བརྟེན། ཉེ་ཆར་རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་མི་ངོ་རྒོལ་བར་མེ་མདའ་བརྒྱབ་སྟེ། བོད་མི་བཞི་བསད་པ་དང་། སུམ་བཅུ་ཙམ་ལ་རྨས་སྐྱོན་བཏང་ཡོད་པ་རེད། ཟླ་འདིའི་ཚེས་༢༨ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་བཙན་སློབ་ཕྲུག་ཚོགས་པས་དྲ་རྒྱ་བརྒྱུད་དེ་རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོར་ངོ་རྒོལ་སྙན་ཞུ་ཞིག་སྤྲོད་རྒྱུའི་ལས་འགུལ་ཞིག་འགོ་འཛུགས་ཀྱིས། ཁོར་ཡུག་སྲུང་སྐྱོབ་པ་བསད་པའི་དོན་རྐྱེན་དེར་འབྲེལ་ཡོད་ཚོས་འགན་ཁུར་ཡོད་པའི་ཐོག་ནས་ཐག་གཅོད་དགོས་སྐོར་དང་། རྒྱ་མིའི་མེ་མདའི་འོག་ནས་སྲོག་ཤོར་མཁན་ཚོ་ཁོར་ཡུག་སྲུང་སྐྱོབ་པ་ཡིན་པས་ཉེས་མེད་ཤ་སྟག་རེད།

གནད་དོན་འདིས་རྒྱ་ནག་གཞུང་གིས་བོད་མི་ཚོར་མནར་གཅོད་ཚད་ལས་བརྒལ་བ་གཏོང་གི་ཡོད་པ་ར་སྤྲོད་བྱུང་བ་རེད། བོད་ནང་དུ་རང་ས་སྲུང་སྐྱོབ་བྱེད་རྒྱུའི་རང་དབང་གི་གནས་སྟངས་ཤིག་མ་བྱུང་བར་རྒྱ་ནག་གཞུང་གིས་མུ་མཐུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུ་ཡིན་པས། སྙན་ཞུ་དེ་སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་དང་དཀར་མཛེས་ཁུལ་གྱི་སྲིད་གཞུང་ལ་བོད་མི་དེ་དག་ལ་ཁྲིམས་མཐུན་གྱི་ཐག་གཅོད་དགོས་པ་དང། རྨས་མ་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་དགོས་པའི་དགོས་འདུན་བཏོན་ཡོད་པས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྙ་ཞུ་དེའི་ཐོག་ས་རྟགས་འགོད་པའི་འབོད་སྐུལ་བྱས་འདུག

དེ་བཞིན་བོད་རང་དབང་སློབ་ཕྲུག་ཚོགས་པས་དཔལ་ཡུལ་ས་གནས་སུ་མུ་མཐུད་དོ་སྣང་བྱེད་རྒྱུ་དང་། གཏེར་ཁ་སྔོགས་འདོན་གྱི་ལས་གཞི་དེ་མཚམས་འཇོག་ཡོང་ཐབས་བྱེད་དགོས་སྐོར་ཡང་བརྗོད་ཡོད་པ་རེད།།

{jcomments on}