བཙན་པོའི་གཞུག་ཁྱི།
རུས་པ་ས་ལ་སྟོར་བའི་མཛད་རྗེས་ཆེན་པོ་ཡོད་ཟེར
ཁྲག་གི་གཡུལ་འཐབ་གཤམ་པའི་ལོ་རྒྱུས་ཞིག་ཡོད་ཟེར
ཤ་ཡི་རི་རབ་སྤུངས་པའི་དུར་ཐང་ཞིག་ཡོད་ཟེར
དེས་ན དེང་དུས་སུ དེ་དག་གང་ཡང་མི་འོས་ཟེར
དོན་དངོས་སུ་མི་རིགས་ཤིག་གི་ཤུལ་རྗེས་སུ
ཁྱི་སྐད་རྒྱགས་པའི་མི་བུ་ཁྱུ་གཅིག རིམ་གྱིས་ལངས
སྟོད་ནས་དབུས་ལ་གཡོ་སྒྱུ་ཆེ་རབས་མང་བོ་གླེང་
དབུས་ནས་སྨད་དུ་ཁྲེལ་གཞུང་མེད་པར་རྟག་དུ་འདོད
སྨད་ནས་སྟོད་ལ་མི་གཤིས་བོར་བའི་བེམ་པོ་སྐོར་ཞིག་བསམ
དོན་དངོས་སུ བཙན་པོའི་གཞུག་ཁྱི་དེ་སུ་རེད
སྟོད་ནས་དབུས དབུས་ནས་སྨད
ཕལ་ཆེར སྟོད་དབུས་སྨད་གསུམ་ན མི་སྐད་མི་གོ་མཁན་དེ་ཚོ
དབྱངས་རྟ་ཞིག་གི་རྒྱུན་ཐག་ཁྲོད་དུ
བཞུད་ཟིན་པའི་མེས་པོ་དེ་དག
བསྡུས་གཟུགས་ཤིག་གི་ཚོན་འགྱུར་ལ་བརྟེན་པའི་གཞུག་ཁྱི་ཚོས
རྣ་བར་གཟན་པའི་ཁྱི་སྐད་ཅིག་ལས
ད་ལྟ་གང་ཡང་མེད་པར་གྱུར་བར་གླེང་ན་འོས་སམ
ཕལ་ཆེར དེ་ཡང་ནོར་འཁྲུལ་དུ་ལྟ་མཁན་གྱི
གཞུག་ཁྱི་གྲངས་མེད་ཅིག ཉིན་མཚན་གྱི་བར་གསེང་ན
སྐབས་རེར་མངོན་གྱིན་ཡོད་སྲིད