༧གོང་ས་མཆོག་ལ་ལྟོས་མི་དགོས་པའི་མང་གཙོ་དགོས་སམ།

དྲི་བ། ཁ་འཐོར་བོད་མིའི་གནས་སྟངས་སྐོར་ལ་བགྲོ་གླེང་ག་རེ་བྱུང་མིན་སྐོར་ལ་བཅར་འདྲི་བྱས་པར།
མཁས་དབང་བློ་བཟང་སེང་གེས། ༡ མང་ཆེ་བས་དཔྱ་ཁྲལ་ལག་དེབ་སྐོར་བཤད་ཀྱི་འདུག ༢ སོ་སོའི་ཕ་སྐད་མ་བརླག་པ་དང། གོང་འཕེལ་གཏོང་ཐབས་ག་རེ་བྱེད་དགོས་མིན། ༣ གཞུང་དང་མི་མང་གི་བར་ཀྱི་ཐད་གའི་འབྲེལ་བ་ཆེ་རུ་འགྲོ་བ་ལ་ག་རེ་བྱེད་དགོས་མིན། ༤ ཆབ་སྲིད་ཐོག་ལས་འགུལ་སྤེལ་སྐབས་བྱེད་ཕྱོགས་ཀྱི་ཐོག་ནས་གཞུང་གིས་ལམ་སྟོན་གནང་བ་ཡིན་ན་ཡག་པོ་མེད་འགྲོ་ཅེས་པ་དེ་འདྲ་རེད་ཅེས་གསུངས་སོང།
བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་གིས། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་དོན་ལས་འགུལ་སྤེལ་སྐབས་རྒྱ་མི་ཚོས་འགོག་རྐྱེན་དང་། དཀྲོག་གཏམ་འདྲ་མིན་སྤེལ་གྱི་འདུག དེ་ཚོར་གདོང་ལེན་ག་འདྲ་བྱེད་མིན་དང་། དེ་བཞིན་ཕྱི་རྒྱལ་ཁག་ཏུ་བོད་པ་མང་དུ་འགྲོ་ཡི་ཡོད་པ་དང་ལས་འགུལ་སྐབས་འགྲོ་ཁྲིད་དང་གཏམ་བཤད་མཁན། གཞུང་འབྲེལ་གྱིས་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་ཚོར་འབྲེལ་བ་བྱེད་རྒྱུར་དཀའ་ངལ་ཡོད་པ་རེད། ད་དུང་བོད་པའི་སྐད་ཡིག་ཉམས་ཆག་གི་དཀའ་ངལ་འདུག དཀའ་ངལ་དེ་དག་སེལ་ཐབས་གང་དགོས་སྐོར་སོགས་རེད་ཅེས་གསུངས་སོང།

ཚོགས་ཆེན་ཐོག་བཀའ་ཤག་གི་གསུང་བཤད་སྐབས་༧གོང་ས་མཆོག་གི་དབུ་ཁྲིད་ལ་ལྟོས་མི་དགོས་པའི་བོད་ཀྱི་མང་གཙོ་ཞིག་དགོས་ཚུལ་གསུང་མཁན་རེ་ཟུང་ཡོང་བཞིན་པ་དེ་དག་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་ཇི་ཡིན་གསལ་པོ་དགོས་པའི་སྐོར་གསུང་ཡོད་པར་བརྟེན་དེའི་སྐོར་ལ་བསམ་ཚུལ་གང་ཡོད་བཅར་འདྲི་བྱས་པར།
མཁས་དབང་བློ་བཟང་སང་གེས། གཞི་རྩའི་རྒྱ་ནག་གཞུང་གི་སྲིད་ཇུས་དང་རེ་བ་ལ། མི་རྒན་པ་རྫོགས་ཡོང་དུས་བཙན་བྱོལ་གཞུང་དང་རྩ་དོན་གྱི་སྒྲིག་འཛུགས་ཁ་འཐོར་འགྲོ་བ་དང་། ནུས་མེད་ཆགས་འགྲོ་ཆགས་རྒྱུའི་འཆར་གཞི་དང་རེ་བ་བྱེད་ཀྱི་ཡོད་པ་རེད། དེ་ལ་གདོང་ལེན་དང་ཁ་གཏད་དུ་ང་ཚོའི་མང་གཙོའི་སྒྲིག་འཛུགས་གཞིར་བཞག་པའི་བཙན་བྱོལ་གཞུང་དེ་གཞི་བརྟན་པོ་དང་ཕུགས་རྒྱང་རིང་པོར་གནས་རྒྱུ་ལ་འབད་བརྩོད་བྱེད་དགོས་པ་རེད། དེ་བྱས་པ་ཡིན་ན་ང་ཚོའི་རྩ་དོན་རྩོད་རྒྱུའི་སྒྲིག་འཛུགས་དེ་མུ་མཐུད་ནས་ལྷག་རྒྱུ་དང་། མ་ཚད་ཤུགས་སྣོན་ཐོག་ནས་ལས་འགུལ་སྤེལ་ཐུབ་པའི་རེ་བ་ཡོད་རེད། དེར་བརྟེན། མང་གཙོའི་ཀ་བ་གསུམ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག གཏམ་བརྗོད་ཀྱི་རང་དབང་དེ་དག་ཚང་མ་གཞི་བརྟན་པོ་གནས་ཐབས་སུ་མི་མང་གིས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ཐོག་ཧུར་ཐག་བྱེད་རྒྱུ་གལ་ཆེན་པོ་ཞེ་དྲག་རེད། དེ་ནས་རིམ་པས་ང་ཚོའི་མང་གཙོའི་ལམ་ལུགས་དེ་ཤུགས་ཆེ་རུ་ཕྱིན་པ་ཡིན་ན། མ་འོངས་པར་ཏན་ཏན་ཕན་གྱི་རེད་བསམ་གྱི་ཡོད་ཅེས་གསུངས་སོང།

ཧྥ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས། ངས་བལྟས་ན། དེ་ཚོ་ཆབ་སྲིད་ཀྱི་གོ་བ་དྲི་ཙམ་པའི་སྐད་ཆ་རེད་བསམ་གྱི་ཡོད། ང་ཚོ་བཙན་བྱོལ་གཞུང་གི་མང་གཙོའི་ལམ་ལུགས་དང་༧སྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་པའི་བོད་གངས་ཅན་པའི་སྤྱི་ཚོགས་དེ་གཉིས་འདམས་ཀའི་ནང་འཇོག་རྒྱུ་ཡོད་པ་མ་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན། ད་ལྟ་༧སྐྱབས་མགོན་རིན་པོ་ཆེས་མང་གཙོ་གསོལ་རས་གནང་ཡོད་རེད་དེ། ཁོང་གི་དབུ་ཁྲིད་དེ་མེད་པ་ཡིན་ན་བོད་བསྟན་སྲིད་ལ་ཉམས་རྒུད་འགྲོ་བ་ལས། མ་འོངས་པར་ད་ལྟའི་ཡར་རྒྱས་ཕྱིན་པ་དེ་ལྷག་རྒྱུ་ཐེ་ཚོམ་གྱི་གནས་རེད། དེ་འདྲ་ཡིན་པས་ང་ཚོས་མང་གཙོའི་ཐ་སྙད་བེད་སྤྱད་ནས་བསྟན་པ་བཤིག་རྒྱུ་དང་། སྤྱི་བའི་ལས་དོན་ལ་གོ་བ་ལོག་བསྒྲུབ་བྱས་ན་རྗེས་སུ་འགྱོད་པ་སྐྱེས་དགོས་པ་ཡོང་གི་རེད་བསམ་གྱི་ཡོད་ཅེས་གསུངས་སོང།
རྒྱལ་ཡོང་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས། ད་རེས་ག་རེ་ཡག་པོ་བྱུང་སོང་ཟེར་ན། ནམ་རྒྱུན་ཡིན་ན་ང་ཚོས་མང་གཙོ་བཤད་པའི་སྐབས་༧སྐྱབས་མགོན་རིན་པོ་ཆེའི་མཚན་སྦྱར་ནས་བཤད་ཀྱི་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེས་ང་ཚོར་མང་གཙོ་གནང་ཚར་དུས། མང་གཙོ་ལོངས་སུ་སྤྱོད་མཁན་དེ་ང་ཚོ་ཡིན་པས། ང་ཚོས་༧སྐྱབས་མགོན་རིན་པོ་ཆེའི་མཚན་དེ་བེད་སྤྱོད་གཏོང་མི་དགོས་པའི་ཐོག་ནས་ང་རང་ཚོ་སོ་སོའི་རྐང་པའི་སྒང་ལ་ལངས་ཏེ་འགན་ཁུར་ནས། གང་བྱེད་ཐུབ་པ་གང་འཇོན་གྱི་ཡོད་པའི་སྐོར་བཤད་ཡོང་དུས་སྔོན་མ་ལས་ཡག་ཏུ་སོང་འདུག་བསམས་སོང། དེ་མིན་རྣམ་རྒྱུན་དུ་ཚང་མ་༧སྐྱབས་མགོན་རིན་པོ་ཆེ་ལ་བསྙེས་སྡོད་དགོས་བྱུང་ན་ཡག་པོ་མི་འདུག་ཅེས་གསུངས་སོང་། མེ་སོར་གསར་འགོད་པས།

{jcomments on}