ཁྱིམ་ཚང་ཆེན་མོ་གསུམ་དང་བཙན་བྱོལ་བོད་མིའི་ཆབ་སྲིད།

སྐུའི་གཅེན་པོ་སྟག་ཚེར་རིན་པོ་ཆེས་བཙན་བྱོལ་སྤྱི་ཚོགས་དེ་ཁྱིམ་ཚང་ཆེན་མོ་གསུམ་གྱིས་བཟུང་ཡོད་པ་རེད་ཅེས་གསུངས་པ་དང། དེ་རྗེས་བཙན་བྱོལ་སྤྱི་ཚོགས་ནང་ཡོངས་གྲགས་ལྟ་བུར་གྱུར། ༡ ཡབ་གཞིས་ཚང། ༢ བཀྲས་མཐོང་ཚང། ༣ རྒྱ་རི་ཚང་བཅས་རེད། བཙན་བྱོལ་སྤྱི་ཚོགས་ནང་ཁྱིམ་ཚང་འདི་གསུམ་གྱི་དབང་ཤུགས་ཆེན་པོ་ཡོད་ལ། རྐུབ་སྟེགས་ཀྱང་མང་པོ་འཇུ་མྱོང་ཡོད། ཁོང་ཚོའི་དབང་འཛིན་འོག་བོད་མི་དཔའ་བོ་དང། ཤེས་ཡོན་པ་སོགས་ལ་གནོན་ཤུགས་གང་འཚམས་སྤྲད་པའི་གླེང་ཕྱོགས་ཡོད་པ་མ་ཟད། དེ་གསུམ་ལ་འབྲེལ་བ་ཡོད་ན་གཞུང་གི་དཔོན་གནས་དང། མདུན་ལམ་ཡང་ལས་སླ་པོའི་ངང་རག་མཁན་བྱུང་ཚུལ་འདུག དེའི་ཤུགས་རྐྱེན་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤོག་ཁག་ཀྱང་མང་དུ་སོང་བ་ལྟ་བུ་མངོན།འོན་ཀྱང་ཁྱིམ་ཚང་ཆེན་མོ་གསུམ་གྱིས་དབང་ཤུགས་གཅིག་པུས་ཁ་ལོ་བསྒྱུར་བ་ཞིག་ མིན་ལ། རྒྱ་ནག་གཞུང་གིས་བཤད་པ་བཞིན་བཀས་བཀོད་རྒྱུད་འཛིན་གྱིས་བཤུ་གཞོག་གཉའ་གནོན་བྱས་པ་ཞིག་དེ་བས་ཀྱང་མ་ཡིན་པར། ཤེས་འཇོན་གཉིས་ལྡན་གྱི་ཁྱིམ་ཚང་ཆེན་མོ་གསུམ་ཡིན་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ནང་དུ་སྤྱི་སྒེར་གཉིས་ལ་ཕན་པའི་ལས་དོན་ཡང་གང་མང་བྱས་ཡོད།

མི་མང་གིས་ཐད་ཀར་བཀའ་ཁྲི་འོས་འདེམས་བྱས་ནས། སློབ་དཔོན་ཆེན་མོ་ཟམ་གདོང་བློ་བཟང་བསྟན་འཛིན་ལ་འོས་ཤོག་ཧ་ཅང་མང་པོ་ཐོབ་པར་བརྟེན། སྐབས་དེར་ཁྱིམ་ཚང་ཆེན་མོ་གསུམ་གྱི་དབང་ཤུགས་ཅུང་ཉམས་པ་མིན་འགྲོ་བསམ་པའི་ ཚོར་སྣང་བྱུང་མཁན་ཡོད་མོད། ལོ་ལྔའི་རིང་ཁྱིམ་ཚང་ཆེན་མོ་གསུམ་གྱི་མི་ཞིག་བཙན་བྱོལ་གཞུང་གི་འཛིན་སྐྱོང་བཀའ་ཤག་ནང་མ་སླེབས་པ་ཙམ་ལས། དབང་ཤུགས་ད་དུང་ཉམས་མེད། ཟམ་གདོང་རིན་པོ་ཆེས་བཀའ་ཤག་གི་ལོ་ལྔའི་རིང་བཀའ་བློན་དུ་ཁྱིམ་ཚང་ཆེན་མོ་གསུམ་དང་འབྲེལ་བ་མེད་པའི་མི་དཀྱུས་མ་གསུམ་བསྐོས་ཡོད་མོད། སྐབས་གཉིས་པ་ནས་བཀའ་བློན་དུ་ཡབ་གཞིས་ཚང་གི་ཁོངས་མི་སྟག་ལྷ་སྐལ་བཟང་དབྱངས་ སྐྱིད་དང། བསྟན་པ་ཚེ་རིང་གཉིས་བཀའ་བློན་དུ་བསྐོ་དགོས་བྱུང། དེ་བཞིན་བོད་རྒྱ་ཞི་མོལ་གྱི་གནད་དོན་ཐོག་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་ རྒྱལ་མཚན་དང། སྐུ་ཚབ་གཅིག་བཀྲས་མཐོང་ཚང་གི་མག་པ་སྐལ་བཟང་རྒྱལ་མཚན་ཡིན་པ་མ་ཟད། བོད་རྒྱ་ཞི་མོལ་ཚོགས་ཆུང་ནང་དུ་ཡང་དང་ཐོག་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ ཀྱང་ཡོད། ལས་དོན་ཆེན་པོ་ཞིག་བྱེད་སྐབས་ཡག་ཉེས་ག་རེ་བྱུང་ཡང། ཁོང་ཚོ་དང་འབྲེལ་བ་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བར་ལམ་ཞིག་ནས་ལས་དོན་ཞིག་མ་འགྲིག་ན་ཁ་གཏོང་ས་ཁྱིམ་ཚང་ཆེན་མོ་གསུམ་ཡིན་ལ། གནད་ཡོད་མི་སྣ་ཞིག་ཕྱི་ལ་ངོ་སྤྲོད་དང་ངོམ་སོ་དགོས་ནའང་ཁྱིམ་ཚང་ཆེན་མོ་གསུམ་གྱི་མི་ཡིན། ལས་དོན་ག་རེ་བྱེད་མིན་དང། མི་སྣ་གོ་སྒྲིག་བྱེད་པ་སོགས་ཡག་ཉེས་གང་བྱུང་ཡང་ཁོང་ཚོ་རེད་ཅེས་བརྗོད་ཀྱང་མ་འགྲིག་པ་མེད།

ཁྱིམ་ཚང་ཆེན་མོ་གསུམ་གྱི་ནང་དཔལ་འབྱོར་གྱི་རྙོག་གྲ་བྱུང་བ་ཡང་ཉུང་ཉུང་མིན་ལ། ཡབ་གཞིས་ཚང་གི་སྐུ་ངོ་རྒྱལ་ལོ་དོན་གྲུབ་དང། བཀྲས་མཐོང་ཚང་གི་མག་པ་སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་ཐའེ་ཝན་གཞུང་ནས་གསེར་གྱི་ སྐེ་ཐག་སོགས་ཀྱི་དངོས་རྫས་བླངས་པའི་གླེང་ཕྱོགས་དང། ཡང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲི་ཡིན་སྐབས་འབུམ་དགུའི་རྙོག་གྲ་ཞེས་པ། དེ་བཞིན་རྒྱ་རི་པདྨ་རྒྱལ་པོ་ཉི་ཧོང་གི་དོན་གཅོད་སྐབས་ཨ་སྒོར་མང་པོའི་རྙོག་ གླེང་རྒྱ་རི་ཚང་ལ་བྱུང་བ་སོགས་གནས་ཚུལ་འདྲ་མིན་བྱུང་ཡོད། དེ་བཞིན་བར་སྐབས་ཤིག་ལ་བོད་གཞུང་གི་འཛིན་སྐྱོང་ནང་ཕྱི་རྒྱལ་ཁག་གི་རོགས་དངུལ་གྱི་སྐོར་དང། ལ་དྭགས་ཁུལ་ནས་ར་ཡི་ཁུ་ལུ་ཚོང་བསྒྱུར་གྱི་གླེང་རྙོག་སོགས་བཙན་བྱོལ་སྤྱི་ ཚོགས་ནང་དཔལ་འབྱོར་གྱི་གླེང་རྙོག་བྱུང་བ་ཁག་དང། ནང་ཁུལ་འཆམ་མཐུན་མ་བྱུང་བར། གུར་སེར་པོའི་གླེང་རྙོག་དང་གློ་སྒྲིག་འཛུགས་ཀྱི་རྙོག་གྲ། ཚོ་ཁག་བཅུ་གསུམ་གྱི་རྙོག་གྲ། ཆུ་བཞི་སྒང་དྲུག་གི་རྙོག་གྲ་སོགས་སྐབས་དེའི་བཙན་བྱོལ་སྤྱི་ཚོགས་ཀྱི་གླེང་རྙོག་ཚང་མར་ཁྱིམ་ཚང་ཆེན་པོ་གསུམ་ཀའམ་གང་རུང་ཞིག་ལ་འབྲེལ་བ་མེད་པ་གཅིག་ཀྱང་ མེད་ཅེས་བརྗོད་ཆོག་པར་སྙམ། འོན་ཀྱང་ཁྱིམ་ཚང་ཆེན་མོ་གསུམ་དེ་བོད་ཆོལ་ཁ་གསུམ་ནས་ཡིན་པས་བོད་ཀྱི་སྐུ་ཚབ་ མཚོན་ཐུབ་པ་ལྟ་བུ་རང་བཞིན་གྱིས་ཆགས་པ་དང། ཡག་ཉེས་ག་རེ་བྱུང་ཡང་ཁོང་ཚོས་ལས་དོན་བྱས་པ་ལ་གུས་ཞབས་བྱེད་ཆོག་པའི་རིགས་ ཀྱང་མི་ཉུང་བ་ཡོད་པ་བརྗོད་མི་དགོས་པ་རེད། འདི་ལྟར་བཤད་དུས་ཁྱིམ་ཚང་ཆེན་མོ་གསུམ་གྱི་དབང་ཤུགས་ཉམས་དགོས་ཀྱི་ཡོད་པ་ལྟ་བུར་གོ་སྲིད་མོད། དེ་ལྟར་མ་རེད། འོན་ཀྱང་ཁྱིམ་ཚང་ཆེན་མོ་གསུམ་མུ་མཐུད་བཀའ་ཁྲི་དང། དབང་འཛིན་པ་གང་རུང་ནང་སླེབས་པར་སྐྱོན་ག་རེ་ཡོད་པ་རེད། ༡ མང་གཙོའི་ངོ་བོ་དེ་ཙམ་མཐོང་མི་ཐུབ་པ། ༢ གཞོན་སྐྱེས་ཚོའི་སེམས་ཁམས་སུ་ཁྱིམ་ཚང་ཆེན་མོ་གསུམ་མམ། རྒན་རབས་པར་རྙིང་ཞེན་ཡོད་པ་དང། གུ་དོགས་པོ་ཡོད་པའི་ཚོར་སྣང་གིས་གཞུང་ལ་དགའ་ཞེན་དེ་ཙམ་བྱེད་མི་ཐུབ་པ། ༣ དེ་ལས་གནད་འགག་ཆེ་བ་ཞིག་ལ་མི་མང་ཁྲོད་ནས་རྒྱུ་རྐྱེན་དུ་མ་ལ་བརྟེན་ནས་སྔོན་ མ་བྱུང་མྱོང་བའི་ནང་ཁུལ་གྱི་རྙོག་གྲ་ཁག་ལ་བསྐྱར་དྲན་བྱེད་གཞིར་གྱུར་མི་ཡོང་ ངམ་སྙམ་པའི་ཞེད་སྣང་བཅས་རེད།

ད་ལྟ་ན་གཞོན་ཚོས་ནུས་ཤུགས་འདོན་དགོས་པའི་སྐད་སྒྲ་དེ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཀྱང། ཁྱིམ་ཚང་ཆེན་མོ་གསུམ་གྱི་ནུས་ཤུགས་བཙན་བྱོལ་ནང་ད་དུང་ཡོད་པ་དང། སྐབས་འདིའི་བཀའ་ཁྲིའི་འོས་བསྡུའི་ནང་དུའང་ཁོང་ཚོའི་ཤུགས་རྐྱེན་ཆེན་པོ་ཡོད་པ་མ་ཟད། རྒྱ་རི་ཚང་དང་བཀྲས་མཐོང་ཚང་གིས་བཀའ་ཁྲི་བྱེད་རྒྱུའི་གྲ་སྒྲིག་ཀྱང་ཡོད་པ་རེད། འོ་ན་ད་དུང་ཁྱིམ་ཚང་ཆེན་མོ་གསུམ་ལ་མ་གཏོགས་པའི་མི་ཞིག་འཚར་ལོངས་བྱུང་ཐུབ་ མེད་པ་ཡིན་ནམ། དེ་ཡང་མ་རེད། ལོ་ངོ་སུམ་བཅུ་བཞི་བཅུའི་ནང་འཚར་ལོངས་བྱུང་བའི་ཤེས་འཇོན་གཉིས་ལྡན་གང་འཚམས་ ཡོད་པ་ཐེངས་འདིའི་བཀའ་བློན་ཁྲི་པར་གྲ་སྒྲིག་བྱེད་བཞིན་པའི་བློ་བཟང་སེང་གེ་དཔེ་མཚོན་ཙམ་རེད། ཁོང་ལ་བཀའ་ཁྲིའི་འོས་ཐོབ་སྲིད་དམ། གལ་སྲིད་མི་མང་གི་འོས་ཐོབ་ན། གཞུང་གི་ལས་དོན་བྱེད་སྐབས་ཁོང་ལ་མངོན་གསལ་མིན་པའི་གནོན་ཤུགས་སྤྲོད་མཁན་ཡོད་ སྲིད་དམ། ས་འོག་དར་ཐག་གི་འབྲེལ་ལམ་ཡོད་པའི་དབང་ཤུགས་ཅན་དང། ཆབ་སྲིད་ཚོགས་པའི་མིང་མེད་པའི་ཆབ་སྲིད་འཁྲབ་སྟོན་བྱེད་མཁན་གྱི་ཤོག་ཁག་དེ་ཚོས་ཁོང་ལ་རྒྱབ་སྐྱོར་བྱེད་སྲིད་དམ། གལ་སྲིད་དེའི་རིགས་ཀྱི་རྒྱབ་སྐྱོར་མེད་ན། མི་མང་ཁྲོད་འོས་ཐོབ་པ་གཅིག་པུས་ཁོང་གིས་ལས་དོན་བྱེད་ཐུབ་བམ། བློ་བཟང་སེང་གེ་ནི་ཁྱིམ་ཚང་ཆེན་མོ་གང་གི་ཁོངས་སུ་གཏོགས་ཀྱི་མེད་ལ། མངོན་སུམ་མིན་པའི་ཆབ་སྲིད་པའི་ཤོག་ཁག་དེ་ཚོའི་ནང་དུ་ཡང་མེད། བོད་པའི་སྤྱི་ཚོགས་ནང་ནད་རྙིང་གིས་བསྐྲུན་པའི་ཤོག་ཁག་གི་ནང་ནས་ཀྱང་བར་ལམ་ཞིག་ནས་ཐོན་ཚར་བས། མི་མང་གི་རྒྱབ་སྐྱོར་ཡོད་ན་མ་གཏོགས། མི་ལག་བརྒྱུད་པའི་རྒྱབ་སྐྱོར་སྣེ་གཅིག་ཀྱང་མེད་ཅེས་བརྗོད་ཆོག སློབ་དཔོན་ཆེན་མོ་ཟམ་གདོང་བློ་བཟང་བསྟན་འཛིན་ལ་མཚོན་ན་ཡང་མི་མང་གི་རྒྱབ་ སྐྱོར་ལས་གཞན་མེད་མོད། ཁོང་བློ་བཟང་སེང་གེ་དང་བསྡུར་ཐབས་མེད། གང་ཡིན་ཟེར་ན། ཟམ་གདོང་ལ་རྣམ་དཔྱོད་ཕུན་སུམ་ཚོགས་པ་དང། ཤེས་འཇོན་ཉམས་མྱོང་འགྲན་ཟླ་མེད་པ་ཞིག་ཡོད་པ་མ་ཟད། སྤྲུལ་སྐུའི་མཚན་གནས་ཤིག་ཡོད་པས་མི་མང་གིས་དམིགས་བསལ་གུས་བརྩི་ཆེན་པོ་ཡོད། དེའི་ཐོག་ཁྱིམ་ཚང་ཆེན་མོ་གསུམ་གང་རུང་དང། ཡང་ན་མངོན་གསལ་མེད་པའི་ཆབ་སྲིད་ཀྱི་ཤོག་ཁག་གང་རུང་ཞིག་གིས་རྒྱབ་སྐྱོར་ཤུགས་ ཆེན་ཡོད་ན། ལས་དོན་ད་ལྟ་ལས་ལྷག་བྱེད་ཐུབ་ཡོད་པ་ནི་སྨོས་མེད་རེད་མོད། ཁོང་ལ་ཡང་བཙན་བྱོལ་སྤྱི་ཚོགས་ནང་ནས་ལོ་བཅུའི་རིང་དོན་མེད་ཀྱི་དཀའ་ངལ་མང་པོ་འཕྲད་ཡོད།

བློ་བཟང་སེང་གེར་ལྷག་བསམ་དང་སློབ་སྦྱོང་སོགས་ཚད་ལྡན་ཡོད་ཀྱང་ནང་ཁུལ་གྱི་ ཆབ་སྲིད་འཁྲབ་སྟོན་པའི་གནོན་ཤུགས་ལ་གདོང་ལེན་དང་མདུན་བསྐྱོད་བྱེད་ཐུབ་བམ། མི་མང་གིས་དེའི་རིགས་ལ་བསམ་བློ་གཏོང་མྱོང་ངམ། བཙན་བྱོལ་ནང་དུ་མི་མང་གིས་རྒྱབ་སྐྱོར་ཡོད་ཀྱང། ད་དུང་ལས་དོན་བྱེད་སྐབས་དཀའ་ངལ་ཞིག་ཡོད་པ་ནི་རང་བཙན་མེད་པས་གཞན་དབང་སྟབས་བསྟུན་ཡིན་པ་སྨོས་མེད་ཡིན་མོད། དེ་ལས་གཞན་པའི་ནང་ཁུལ་དུ་ཤོག་ཁག་ཡོད་པ་དང། ལྟ་གྲུབ་ལངས་ཕྱོགས་ཡོད་མཁན་གྱི་ཆབ་སྲིད་ཚོགས་པ་མེད་པའི་སྐྱོན་ཡོད། ཆབ་སྲིད་ཚོགས་པ་ཡོད་པའི་མང་གཙོ་ཞིག་ཡིན་ན། མི་མང་གི་འོས་ཐོབ་རྗེས། ཁོང་ལ་ཆབ་སྲིད་ཚོགས་པ་གཅིག་གི་རྒྱབ་སྐྱོར་ཡོད་པ་ནི་བཤད་མ་དགོས་པ་རེད།

བཀའ་ཁྲིའི་འོས་སུ་ལ་ཐོབ་ཀྱང། སྤྱིའི་ཆ་ནས་བོད་ཀྱི་ལས་དོན་ཆ་ཚང་བྱེད་ཐུབ་དགོས་པ་གཞིར་བཞག་ཐོག བློ་བཟང་སེང་གེའམ་དེ་ལྟ་བུའི་མི་ཚང་དཀྱུས་མའི་ན་གཞོན་ཞིག་ལ་འོས་ཐོབ་ན་ལས་ དོན་ཆེ་ཁག་བྱེད་པ་དང་མཉམ་དུ་ཟུར་དུ་ཁེ་ཕན་ག་རེ་ཡོད་དམ། ༡ རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བཀས་བཀོད་རྒྱུད་འཛིན་རྒྱུན་སྐྱོང་བྱེད་པ་ལས། མི་མང་ལ་དབང་ཤུགས་མེད་སྐོར་བརྗོད་པ་དེར། མི་མང་གིས་འོས་བླུགས་ནས་བཀའ་བློན་ཁྲི་པར་མི་ཚང་དཀྱུས་མའི་བུ་ཞིག་བསྐོ་ཐུབ་ན་རང་ཤུགས་ཀྱིས་ལན་འདེབས་ཆགས་ཡོད། ༢ གནོད་སྐྱོན་ཡོད་མེད་ལ་མ་ལྟོས་པར། བཙན་བྱོལ་སྤྱི་ཚོགས་ནང་གི་གཞོན་སྐྱེས་མི་ཉུང་བ་ཞིག་ལ་རྒན་པ་ཚོའི་དབང་ཆ་བཟུང་བ་དེར་རྙིང་ཞེན་ཆེན་པོ་ཡོད་པའི་རྣམ་རྟོག་དེ་ཡང་སེལ་གྱི་ཡོད་ལ། གཞོན་སྐྱེས་ཚོས་གཞུང་ལ་དོ་སྣང་བྱེད་ཐབས་སུ་ཕན་ཐོགས་ཡོད། ༣ བཙན་བྱོལ་ནང་འཚར་ལོངས་བྱུང་ཞིང་དེང་དུས་ཀྱི་སློབ་སྦྱོང་ཚད་ལྡན་ཐོབ་མཁན་ཚོར་ འཇོན་ནུས་ག་ཚོད་ཡོད་པ་དང་ཆིག་སྒྲིལ་ག་ཚོད་ཡོད་པ་སྟོན་ཐུབ། ༤ ད་ལྟ་མཐོ་སློབ་ཁག་ཏུ་འགྲོ་བཞིན་པའི་ཤེས་ཡོན་པ་སོགས་ལ། ལས་གཡོག་ཏུ་འགྲོ་རྒྱུ་གཅིག་པུ་མ་ཡིན་པར་འོས་བསྡུའི་ནང་འགྲན་རྩོད་བྱས་ཏེ་ བོད་མིའི་དབུ་ཁྲིད་དང་བོད་དོན་ཆེད་དཀའ་ལས་རྒྱག་དགོས་པ་མ་ཟད། ལམ་ཁ་ཞིག་ཀྱང་ཡོད་པ་ངོ་སྤྲོད་གསལ་པོ་བྱེད་ཐུབ་པ་རེད། ༥ བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་སྒེར་དང་ཚོགས་པ་གང་རུང། དེ་བཞིན་ཁྱིམ་ཚང་ཆེན་མོ་གསུམ་སུ་ལའང་རྙོག་གྲ་སློང་མྱོང་མེད་པས། མཐུན་སྒྲིལ་ལ་ཕན་ཐོགས་ཡོད་ངེས།། ཆོས་ཉིད་འོད་ཟེར་གྱིས་དྷ་ས་ནས།

གསལ་བཤད་

རྩོམ་ཡིག་འདི་འབྲི་མཁན་བོད་ཀྱི་བང་ཆེན་རྩོམ་སྒྲིག་ལས་རོགས་རྩོམ་པ་པོ་ཆོས་ཉིད་འོད་ཟེར་ལགས་ཀྱིས་བང་ཆེན་ཚང་གི་དྲྭ་རྒྱ་སྒང་འཇོག་འདུག་སྤྱིར་བདག་ལྟ་བུ་ཞིག་ལ་མཚོན་ན་རྩོམ་རིགས་ཀྱི་རིན་ཐང་སོགས་གཏན་ནས་ཞལ་ཐུབ་པའི་མྱོང་གོམ་གང་ཡང་མེད་ཀྱང་རྩོམ་ཡིག་འདི་ལྟ་བུ་ཞིག་ལ་མཚོན་ན་ཚིགས་སྦྱོར་སོགས་ཕུན་སུམ་ཚོགས་པ་ཡོད་མོས་ཁར་ལོངོ་ཧྲིལ་པོ་ལྔ་ཅུ་རིམ་བཙན་བྱོལ་སྲིད་གཞུང་འདི་བཞིན་འཕོ་འགྱུར་དང་དབང་ཆ་འཐབ་རྩོད་སོགས་ནས་རྡོ་ལག་རྒྱུད་ལྟར་ད་བར་བྱུང་བ་དང་མ་འོངས་པ་རྒྱ་ནག་ལ་ཡར་ལན་སྤྲོད་སྟངས་སོགས་ལོ་རྒྱུས་ཆ་ཚང་འཁོད་པའི་གལ་ཆེ་བའི་རྩོམ་ཡིག་ཞིག་ལ་ངོས་འཛིན་ཞུ་ནས་དེ་རིང་འདིར་སྐྱར་དུ་ཟིན་བྲིས་ནང་བཀོད་པ་ཡིན། འདིར་མ་བཀོད་གོང་དུ་རྩོམ་པ་པོར་ཆོག་ཆན་དང་བཀའ་འཁྲོལ་ཞུ་དགོས་ངེས་ཡིན་ཡང་འབྲེལ་གཏུགས་བྱེད་ས་སོགས་བྱུང་མ་སོང་བས་འདིའི་རྒྱུད་ནས་ཆོག་མཆན་དང་བཀའ་འཁྲོལ་ཞུ་རྒྱུ་ལས་ཧམ་སེམས་དང་ཤེས་མདོག་སོགས་གཏན་ནས་བྱས་པ་མིན་བཙན་བྱོལ་སྤྱི་ཚོགས་ནང་ལ་མཚོན་ན་རྩོམ་པ་པོ་མི་ཉུང་བསྐོར་གཅིག་འཚར་ལོང་བྱུང་དང་འབྱུང་བཞིན་ཡོད་ནའང་ཆོས་ཉིད་འོད་ཟེར་ལྟ་བུས་ཡུལ་དུས་དང་འཚམས་པའི་རྩོམ་འབྲི་མཁན་ཞིག་མ་མཐོང་ཞུ་ན་མི་འགྲིག་མེད་དེ་བཞིན་རྩོམ་པ་པོ་དང་སྨྱུག་ཐོག་པ་ཡོངས་ཀྱི་འདིར་བསམ་ཆར་དང་བགྲོ་གླེང་སོགས་གང་མང་གནང་རོགས་གནང་།