སྦས་དོན་རེ་བསྟན་འདུག

སྣ་ཚོགས་བརྒྱུད་ལམ་ཁག་ན་རང་ཉིད་ཀྱི་བྱས་རྗེས།།

རང་གི་བྱུང་རབས་གླེང་བའི་ཤོག་དཀར་དེ་ཁེངས་ཤིང་།།

མི་མངོན་ཕུགས་འདུན་ཡོད་ཚད་མཁའ་དབྱིངས་སུ་འཕུར་ཕྱིར།།

ཁ་མཁས་ངུ་དགའ་འདྲེས་མའི་ཟློས་གར་དེ་མཐོང་བྱུང་།།

 

གཞུང་དྲང་མི་མང་སེམས་ཁམས་རང་འོག་ཏུ་འགུག་ཕྱིར།།

རང་གི་ཡོད་ཚད་གློད་ཁུལ་བཅོས་གཏམ་དེ་བསྒྲགས་ཤིང་།།

མ་འོངས་ལས་འཆར་ཡོད་ཚུལ་སྤྱི་ཚོགས་ན་སྤེལ་བའི།།

རང་བསྟོད་ཆེ་རློམ་ངོམས་པའི་འཁྲབ་ཚན་ཞིག་མཐོང་བྱུང་།།

 

མ་སྐུལ་དང་དུ་བླངས་པའི་དེང་རབས་ཀྱི་ཚུལ་འཆོས།།

མཐོན་པོའི་གནམ་ལ་གཏེགས་པའི་ཞབས་སྟེགས་ལ་འཛེགས་ཆེད།།

དམངས་ཀྱི་སེམས་ཁམས་བསླུ་དུས་གཅིག་མཁས་དང་གཉིས་མཁས།།

འཁྲབ་ཚན་ཡ་མ་ཟུང་གི་ཟློས་གར་དེ་མཐོང་བྱུང་།།

 

ན་ནིང་ཞོ་ལྟར་ཆགས་པའི་གྲོས་ཚོགས་ཀྱི་གླིང་དེར།།

དོན་ཆུང་འཐེན་འཁྱེར་གཅིག་གིས་རྦ་རླབས་བཞིན་དཀྲུགས་དུས།།

མགོ་གནོན་ཞི་འཇམ་སྤེལ་བའི་མི་གཞི་ཙམ་མེད་པའི།།

ད་ལོ་གནམ་ལ་འཕུར་འདོད་སྟོང་གཏམ་དེ་ཐོས་བྱུང་།།

 

གནའ་དེང་འདབ་གཤོག་ཟུང་ལྡན་མཁའ་དབྱིངས་ཀྱི་རྒྱལ་པོ།།

རང་དབང་གཤོག་རྩལ་ངོམས་བཞིན་འཕུར་ལྡིང་ལ་རྩེན་ཞིང་།།

དཔངས་མཐོའི་ལྷ་ལམ་ཡངས་པོའི་ཕར་མཐའ་དེ་གཅོད་དུས།།

སྲིན་བྱ་འབྱུང་པོའི་བྱིའུ་ཚོགས་སྙིང་རློམ་དེ་ལྡང་བྱུང་།།


སྤྱི་དོན་འབྲུག་ལྟར་གྲགས་པའི་གཏམ་སྙན་གྱི་རེ་རེར།།

རང་དོན་སྤྲིན་གྱིས་སྦས་པའི་ཉི་མ་རེ་ཤར་ཞིང་།།

མཐུན་མིན་བསམ་བློ་རེ་རེས་གདེང་ཚོད་རེ་བཟུང་ནས།།

མི་འདོད་ཁ་མཁས་འོག་ནས་སྦས་དོན་རེ་བསྟན་འདུག།

 

བཙན་བྱོལ་བོད་པའི་ལས་ཀྱི་སྐལ་བ་དེ་རྗོགས་སམ།།

ཡང་ན་ཕྱོགས་རིས་བཙན་པོ་གདོན་ཁ་ཡིས་ཟིན་ཞིང་།།

འབྱུང་པོའི་སྲིན་མང་པོས་གནམ་འཕང་དེ་གཅོད་ཁུལ།།

མཁའ་ལྡིང་ཁྱུང་རྒྱལ་དབང་པོར་སྡང་སེམས་ཤིག་སྐྱེས་འདུག།