དགེ་ལུགས་པའི་སྤྱི་འཐུས་ངོས་སྦྱོར།
ཡོངས་ཀྱི་དགེ་བའི་བཤེས་གཉེན་བློ་གླིང་མཁན་ཟུར་རྗེ་བཙུན་པདྨ་རྒྱལ་མཚན་མཆོག་དང་བློ་གླིང་མཁན་ཟུར་རྗེ་བཙུན་བློ་བཟང་ཉི་མ་སོགས་བསྟེན་ནས་ཕྱི་ནང་གི་རིག་གནས་ཀུན་ལ་སྦྱང་བརྩོན་གནང་ཞིང༌། ཕྱི་ལོ་ ༡༩༩༥ ལོར་དགེ་ལྡན་པའི་རྒྱུགས་ཞུགས་ཁྲོད་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས། ལོ་དེའི་ནང་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་སྒྲིག་འོག་ཏུ་ཞུགས་ཏེ་རྒྱུད་སྡེ་ཁག་ལ་གསན་བསམ་མཛད་པ་མ་ཟད་རྒྱུད་སྟོད་དུ་ཊིཀ་ཀ་ཡང་སྐྱོར་གནང་མཛད། ཕྱི་ལོ་ ༢༠༠༠ ལོར་ྋགོང་ས་མཆོག་གི་དགོངས་བཞེད་ལྟར། སེ་ར་ཆོས་སྒར་རིས་མེད་བོད་ཀྱི་དགོན་སྡེ་ཁག་ནས་སློབ་གཉེར་ཐོན་ཟིན་དང་ཐོན་ལ་ཉེ་བ་དུ་མའི་དབུས་ཚན་རིག་གི་ཟབ་སྦྱོང་ལ་ཕེབས། གཞན་ཡང་བོད་ཀྱི་བརྡ་དག་སྙན་སུམ་དང་དབྱིན་ཧིན་སྐད་ཡིག་སོགས་ལའང་སྦྱངས་པ་ཐོན།
སྤྱི་ཚོགས་ལ་སྨན་པའི་ཞབས་ཞུ། རིན་པོ་ཆེ་དགུང་གྲངས་བཅུ་བདུན་དུ་སོན་པ་ན། རང་ཡུལ་གཞིས་ལུས་མི་མང་ཚོས་རེ་བསྐུལ་བཞིན། ཕྱི་ལོ་ ༡༩༨༧ ལོར་རང་ཡུལ་དུ་ཕེབས་ཏེ། དད་ལྡན་མང་ཚོགས་ལ་གསུང་ཆོས་དང་བླང་དོར་བཀའ་སློབ་གནང་ཞིང༌། ཁྱད་པར་དུ་ཏྲེ་ཧོར་ཁུལ་དགོན་སྡེ་ཕལ་མོ་ཆེར་ཞབས་ཀྱིས་བཅགས་ཏེ། དོལ་རྒྱལ་ལམ་ཤུགས་ལྡན་བསྟེན་སྲོལ་མཚམས་འཇོག་དགོས་པའི་བཀའ་སློབ་གནང་བར་བརྟེན། དུས་དེ་ནས་བཟུང་ཏྲེ་ཧོར་ཁུལ་དུ་བོད་ཀྱི་བསྟན་སྲིད་ལ་གནོད་པའི་དོལ་རྒྱལ་བསྟེན་སྲོལ་མཇུག་རྫོགས་པ་དང༌། བླ་སློབ་དམ་ཚིག་གཅིག་ཏུ་སྒྲིལ་བའི་བསྟན་སྲིད་མི་རིགས་ལ་སྨན་པའི་མཛད་རྗེས་བླ་མེད་དུ་བཞག ཕྱི་ལོ་ ༡༩༩༧ ལོར་སླར་ཡང་རང་ཡུལ་དུ་ཕེབས་ཀྱང་སྔར་ཕྱི་ལོ་ ༡༩༨༧ ལོར་དོལ་རྒྱལ་བསྟེན་སྲོལ་སོགས་དམ་དྲག་གནང་བར་བརྟེན་ཁྲེན་ཏུན་ནས་རྒྱ་དམར་ཉེན་རྟོག་པས་ཕེབས་ལམ་བཀག་འགོག་བྱས་སྟབས་རང་ཡུལ་དུ་ཕེབས་མ་ཐུབ། ཕྱི་ལོ་ ༢༠༠༠ ལོ་ནས་ ༢༠༠༥བར་འབྲས་སྤུངས་བློ་གསལ་གླིང་གི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་བཤེར་པའི་དོ་དམ་པ་གནང༌།
ཕྱི་ལོ་ ༢༠༠༤ ལོར་འཁྲུང་གསར་གཞན་ཕན་དགེ་རྩ་ཚོགས་པ་ཞེས་པ་གསར་འཛུགས་གནང་བ་དང༌། ཚོགས་པ་དེའི་མིང་ཐོག་ནས་བློ་གླིང་གྲྭ་ཚང་གི་ཕར་ཕྱིན་སློབ་ཐོན་པ་དག་ལ་དབུ་མ་དགོངས་པ་རབ་གསལ་དང༌། དབུ་མ་སློབ་ཐོན་པ་རྣམས་ལ་འདུལ་ཊིཀ་རིན་ཆེན་འཕྲེང་བའི་དཔེ་དེབ་རེ་འབུལ་བ་ད་ལྟའི་བར་རྒྱུན་སྐྱོང་དང༌། དེ་བཞིན་དུ་སློབ་གྲྭ་ཁག་ཏུའང་འབྲི་དེབ་སོགས་འབུལ་བཞིན་ཡོད། བཙན་བྱོལ་ནང་རྒན་ཁོག་ལྟ་སྐྱོང་མེད་པའི་ཉམ་ཐག་རྣམས་ལ་དངུལ་གྱི་རོགས་རམ་དང༌། ཕ་མ་ཉམ་ཐག་གི་ཕྲུ་གུ་མཐོ་སློབ་ཏུ་འགྲིམ་བཞིན་པ་རྣམས་ལ་སློབ་ཡོན་གྱི་མཐུན་རྐྱེན་སྦྱར་བ་སོགས་ཀྱང་རྒྱུན་སྐྱོང་གནང་བར་བརྟེན་ྋགོང་ས་མཆོག་གིས་གང་གི་སྤྱི་ཚོགས་ལ་ཕན་པའི་ལས་དོན་དེ་དག་ལ་བསྔགས་བརྗོད་ཐེངས་དུ་མར་གནང་ཡོད།
ཕྱི་ལོ། ༢༠༠༦། ལོར་བློ་གླིང་བླ་སྤྲུལ་ལྷན་ཚོགས་ཀྱིས་ཚོགས་གཞོན་དང༌། ཕྱི་ལོ། ༢༠༠༧། ལོར་བློ་གླིང་གྲྭ་ཚང་གི་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་མཛད་སྒོའི་སྐབས་གྲ་སྒྲིག་ཚོགས་ཆུང་གི་འགན་བཞེས་ཏེ་རྒྱ་གར་གྱི་དཔོན་རིགས་ཁག་དང༌། ཆོས་ལུགས་དབུ་ཁྲིད། དེ་བཞིན་གནད་ཡོད་མི་སྣ་ཚོར་ཐུག་འཕྲད་དང་གདན་ཞུ་སོགས་ཀྱི་ཕྱག་ལས་གནང༌། དེང་སྐབས་སུ་ལྡི་ལི་གསར་པར་བཞུགས་བཞིན་པའི་ཐོག་སྐབས་སྐབས་སུ་ཕྱི་རྒྱལ་ཡུལ་གྲུ་དུ་མར་ཕེབས་ཏེ། འཁྲུངས་གསར་གཞན་ཕན་དགེ་རྩ་ཚོགས་པ་དང༌། རང་རེའི་བོད་ཀྱི་བསྟན་སྲིད་ལ་སྨན་པའི་མཛད་འཕྲིན་སྐྱོང་བཞིན་མཆིས་སོ།།
བཀུར་འོས་དགེ་ལྡན་བསྟན་པའི་ཁྱབ་ཁོངས་ཀྱི་དགེ་འདུན་པ་ཡོངས་ལ། སྤྱི་འཐུས་ཞིག་ལ་དགོས་པའི་འོས་ཆོས་ཡོངས་སུ་ཚང་བའི་འཁྲུངས་གསར་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་བློ་ལྡན་སྐབས་བཅོ་ལྔ་པའི་དགེ་ལུགས་སྤྱི་འཐུས་སུ་འོས་འདེམས་གནང་བར་འོས་སོ།། གདན་སའི་ཤེས་ལྡན་མི་སྣ་ཁག་གཅིག་གིས་འགྲེམས་སྤེལ་བྱས།