དྷ་སར་མང་གཙོའི་དུས་དྲན་ཐེངས་༥༠ པ་སྲུང་བརྩི།

50thdemocracyday-2ཞོགས་པའི་ཆུ་ཚོད་༩ པའི་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་བཀའ་དྲུང་དང། བདེ་སྲུང་དྲུང་ཆེ། ཤེས་རིག་དྲུང་ཆེ། དྷ་ས་ས་གནས་འགོ་འཛིན་སོགས་ཀྱིས་གཙོས་པའི་གཞུང་ཞབས་ཆེ་ཕྲ་དང། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་རྗེས། བོད་གཞུང་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་སྦྲགས། བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས། དེ་རྗེས་བོད་གཞུང་ཟློས་གར་ཚོགས་པས་མང་གཙོ་གསར་གཞས་སྙན་འབུལ་ཞུས་ཡོད་པ་རེད།

50thdemocracyday-3བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་༣༦༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ་ནས་བཟུང། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་སློབ་ཚན་སྡེ་ཁག་གསུམ་ནས། ཤེས་ཡོན་རྩེ་ཕུད་སོན་པའི་སློབ་མ་རེར་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་ཞེས་བསྩལ་རྒྱུའི་ལམ་ལུགས་ཡོད་པ་བཞིན། རྒྱུགས་འབྲས་རྩེ་ཕུད་ཀྱི་སློབ་མ་གསུམ་ལ་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་གཟེངས་བསྟོད་གསོལ་རས་གནང་རྗེས། སཾ་བྷོ་ཊ་བོད་སློབ་ཡིག་ཚང་ནས་གསར་དུ་དཔར་སྐྲུན་གནང་བའི་དཔེ་དེབ་ཁག་ཅིག་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་དབུ་འབྱེད་གནང་སོང།

50thdemocracyday-5དེ་རྗེས་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་དང། སྤྱི་འཐུས་ལྷན་ཁང་གི་སྐུ་ཚབ་བསྟན་འཛིན་ནོར་བུ་ལགས་ཀྱིས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང། དེ་ནས་རིམ་བཞིན་བོད་གཞུང་ཟློས་གར་ཚོགས་པ་དང། གྷོ་པལ་པུར་བོད་ཁྱིམ་སློབ་གྲྭ། ཡོངས་གླིང་སློབ་གྲྭ། དྷ་སྟེང་བོད་ཁྱིམ་སློབ་གྲྭ། གངས་སྐྱིད་ཉིན་སློབ། དྷ་ཤོད་བོད་ཁྱིམ་སློབ་གྲྭ། མེག་གྷན་བོད་ཁྱིམ་ཉིན་སློབ། གསོག་སྒར་སློབ་གྲྭ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ཐང་སྟོང་གླུ་གར་ཚོགས་པ་བཅས་ཀྱིས་གཞས་སྣ་གཟིགས་འབུལ་ཞུས་ཏེ་མཛད་སྒོ་ལེགས་འགྲུབ་བྱུང་སོང།།

{jcomments on}