རྣམ་གྲོལ་གླིང་གི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐེངས་དྲུག་པ།

soth-3-9-2010ཞོགས་པའི་ཆུ་ཚོད་༡༠ པའི་ཐོག་༧སྐྱབས་མགོན་རིན་པོ་ཆེ་མཆོག་གདན་ས་བཀྲིས་ལྷུན་པོ་དང་བོད་ཁྱིམ་སློབ་གྲྭ་བཅས་སུ་ཆིབས་བསྒྱུར་གནང་གྲུབ་སྟེ། རྣམ་གྲོལ་གླིང་དུ་ཞབས་སོར་འཁོད་པ་དང་། གྲུབ་དབང་པད་ནོར་རིན་པོ་ཆེའི་སྐུ་གདུང་མཇལ་རྗེས། གཙུག་ལག་ཁང་ཆེན་མོར་འདུས་པ་རྒྱ་མཚོའི་ཚོགས་མགོན་དུ། མི་འཇིགས་གདོང་ལྔས་བཏེགས་པའི་བཞུགས་ཁྲིར་འཁོད་མཚམས། དགོན་པས་རྟེན་གསུམ་འདེགས་འབུལ་ཞུས། མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་ནས་མཛད་སྒོ་ངོ་སྤྲོད་གནང་བ་དང་། སློབ་དཔོན་བསོད་ནམས་ཉི་མ་ལགས་ཀྱིས་རྣམ་གྲོལ་གླིང་གི་བསླབ་པ་ཐོན་རིམ་རྣམས་ཀྱི་མཚན་གཞུང་ཞུས་ཤིང་། ༧གོང་ས་མཆོག་གིས་ཕྱག་ཁྱེར་གསོལ་བསྩལ་བཀའ་དྲིན་བསྐྱངས། སློབ་ཐོན་གྲྭ་བཙུན་རྣམས་ཀྱིས་༧གོང་མཆོག་དབུས་བཞུགས་ཀྱི་འདུས་པ་རྒྱ་མཚོའི་དབུས་སུ་བསྟན་འགྲོ་སྤྱི་དང་བྱེ་བྲག་བཅས་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་གནད་སྨིན་ཞུ་རྒྱུའི་དམ་འབུལ་ཡང་ཞུས་སོང་། དེའི་རྗེས་ཀར་ཎ་ཊ་ཀའི་མངའ་སྡེའི་ཤེས་རིག་དྲུང་ཆེ་སྐུ་ཞབས་ཨེམ་མ་དྷན་གྷོ་པལ་མཆོག་ནས་བཀའ་སློབ་གནང་གྲུབ་པ་དང་། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་འཚམས་འདྲི་གནང་བ་དང་སྦྲགས། ཁོང་གིས་གསུང་དོན། དུས་ཚོད་ཐུང་ཐུང་ཡིན་པས་ངས་དོན་དག་གསུམ་གྱི་ཐོག་ཞུ་རྒྱུ་ཡིན། དང་པོ་དེ་སྐུ་གཤེགས་དམ་པ་གྲུབ་དབང་པད་ནོར་རིན་པ་ཆེ་མཆོག་གི་ཐུགས་རྗེ་དང་འཕྲིན་ལས་ཀྱིས་སྤྲུལ་བའི་གཙུག་ལག་ཁང་ལྟ་བུ་འདི་འཛུགས་སྐྲུན་གནང་བ་དང་། དེ་ལ་བརྟེན་ནས་བཤད་སྒྲུབ་གཉིས་ཀྱི་བསྟན་པ་འཛིན་མཁན་གྱི་སྐྱེས་བུ་དམ་པ་གྲངས་ལས་འདས་པ་ཞིག་བསྐྱངས་པ་དེ། དུས་ངན་སྙིགས་མ་འདི་ལྟ་བུའི་ནང་ལ་སངས་རྒྱས་ཀྱི་བསྟན་པ་ལ་དེ་ལས་ལྷག་པའི་མཛད་འཕྲིན་མེད་པ་རེད། བཤད་གྲྭ་འདི་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་གནས་ཡོངས་སུ་རྫོགས་པ་ལ་སངས་རྒྱས་ཀྱི་བསྟན་པ་ཁྱབ་སྤེལ་མཛད་པ་མ་ཟད། ཝ་རཱ་ཎ་སི་ལ་སོགས་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དེ་ཚོའི་ནང་ལ་ཡང་དེ་རིང་སང་ཉིན་སློབ་དཔོན་དང་དགེ་རྒན་རྒྱུགས་སྤྲོད་བཏང་བ་དེ་འདྲ་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་པས་གྲུབ་དབང་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་དང་། ཁོང་གི་རྗེས་འཇུག་ལ་བསྟན་པའི་བྱ་བ་གནང་མཁན་གྱི་སྐྱེས་བུ་དམ་པ་ཡོངས་སུ་རྫོགས་པ་ལ་ངས་སྙིང་ནས་ཡི་རངས་དང་། འབྱུང་འགྱུར་ཡང་དེ་བཞིན་མུ་མཐུད་ནས་བསྟན་པའི་བྱ་བ་རྒྱུན་ཆད་མེད་པ་ཞིག་གནང་རོགས་ཞུ་རྒྱུ་ཡིན།

དོན་ཚན་གཉིས་པ་དེ། དེ་རིང་ཕྱག་ཁྱེར་བཞེས་མཁན་ཚང་མ་ལ་གཞུང་གི་ངོས་ནས། ང་རང་གི་ངོས་ནས་བཀྲིས་བདེ་ལེགས་དང་དགའ་བསུ་ཞུ་བ་དང་ཆབས་ཅིག ཁྱེད་རང་ཚོས་ཕྱག་ཁྱེར་བཞེས་པའི་རྗེས་ལ་དམ་བཅའི་ཚིག་ནང་བཀོད་པ་ནང་བཞིན་ཇི་སྲིད་འཚོ་བའི་བར་དུ་བཤད་སྒྲུབ་ཀྱི་བྱ་བ་ལ་གཞོལ་བ་གནང་རོགས།

དོན་ཚན་གསུམ་པ་དེ། བོད་ཀྱི་མང་གཙོ་དབུ་བརྙེས་ནས་ལོ་འཁོར་ ༥༠ འཁོར་བའི་དུས་དྲན་དང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ལྷོ་ཕྱོགས་སུ་འཚོགས་པའི་སྐབས་སུ་རྣམ་གྲོལ་གླིང་དགོན་པ་ནས་ཧ་ལས་པའི་མཐུན་འགྱུར་དང་། རྒྱབ་སྐྱོར་གནང་སོང་། དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་དང་ཆབས་ཅིག་ཏུ་ད་ཐེངས་ཚོགས་འདུའི་སྐབས་ལ་སེ་ར་སྨད། སེ་ར་བྱེས། ས་གནས་འགོ་འཛིན། མཉམ་འབྲེལ་ཁག དེ་ལས་གཞན་པའི་ས་གནས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཚང་མ་དང། སློབ་གྲྭ་ཁག་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་མཐུན་འགྱུར་གནང་བ་དེ་ལ་ཡང་བཙན་བྱོལ་གཞུང་གི་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འབྱུང་འགྱུར་ཡང་དེ་འདྲ་མུ་མཐུད་ནས་ཡོང་བའིི་སྨོན་འདུན་ཞུ་རྒྱུ་ཡིན།” ཞེས་བཀའ་སློབ་གནང་སོང།

soth1-3-9-2010༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་བསྩལ་དོན། “ང་དེ་རིང་འདིར་བཅར་ཐུབ་པ་དང་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་ཁྱེར་འབུལ་རྒྱུའི་གོ་སྐབས་བྱུང་བ་རེད། རིན་པོ་ཆེ་(གྲུབ་དབང་པད་ནོར་རིན་པོ་ཆེ་)གཤེགས་ཚར་བའི་རྗེས་ལ་ང་ཚོ་མཇལ་བའི་གོ་སྐབས་ཤིག་བྱུང་བ་རེད། ཕྱོགས་གཅིག་ནས་སྔོན་མ་འདིར་ཡོང་བའི་སྐབས་ཤིག་ལ་རིན་པོ་ཆེ་གྱོག་གྱོག་ཕེབས་སྡོད་པའི་སྐབས་ཤིག་རེད། ཡིན་ན་དེ་རིང་རིན་པོ་ཆེ་ཡོད་མ་རེད། སེམས་སྐྱོ་བོ་ཞིག་རེད། རིན་པོ་ཆེ་དགོངས་པ་རྫོགས་ཚར་བ་རེད། ཡིན་ནའང་། ཆོས་སྒར་འདི་རིན་པོ་ཆེའི་དགོངས་བཞེད་ག་རེ་ཡོད་པ་ནང་བཞིན་ཁྱེད་རང་ཚོས་བསམ་པ་རྣམ་དག་གིས་ཞུམ་པ་མེད་པར་མུ་མཐུད་ནས་སྒྲུབ་ཀྱི་ཡོད་རེད། རྗེས་སུ་ཡི་རངས་ཡོད། ཅེས་དང་
ཁོང་གིས་མུ་མཐུད་གསུང་དོན།  དེ་རིང་འདིར་གཙུག་ལག་ཁང་འདིའི་ནང་ལ་འདུས་པ་རྒྱ་ཆེན་པོ་ཡོད་པ་ཚང་མ་རབ་བྱུང་ངུར་སྨྲིག་སེར་ཆིལ་ལེར་བཞུགས་འདུག ཧ་ཅང་དགའ་བོ་བྱུང་། ཞེ་དྲག་ཡག་པོ་རེད། སངས་རྒྱས་ཀྱི་བསྟན་པ། བཅོམ་ལྡན་འདས་རང་ཉིད་ཀྱང་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་། ཞེ་ས་མ་ཞུས་ན་རབ་བྱུང་གི་རྟེན་གྱི་ཐོག་ནས་མངོན་པར་རྫོགས་པའི་སངས་རྒྱས་པའི་མཛད་པ་དང་། ཆོས་འཁོར་བསྐོར་བ་དེ་འདྲ་ཡིན་པ་རེད།  སྐུ་བཞིའི་བདག་ཉིད་ཡིན་པའི་ཆ་ནས། བཅོམ་ལྡན་འདས་ཉོན་མོངས་སྤང་རྒྱུ་ཞིག་དང་། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་དགོས་པ་ཡོད་མ་རེད། ཡིན་ནའང། རྗེས་འཇུག་གདུལ་བྱ་དེ་དག་གི་ངོས་ནས་རྣམ་གྲོལ་སྒྲུབ་པ་ལ་བསླབ་པ་གསུམ་ཉམས་ལེན། དེའི་ནང་ནས་གཙོ་བོ་རབ་བྱུང་གི་ཐོག་ནས་བསྒྲུབ་དགོས་པ་ཞིག་བཅོམ་ལྡན་འདས་རང་གིས་དེ་འདྲ་ཞིག་མཛད་པ་རེད། དེ་འདྲ་ཡིན་དུས་བཅོམ་ལྡན་འདས་ཀྱི་བསྟན་པ་འཛིན་མཁན་རྩ་བ་སྐྱ་སེར་ཕོ་མོ་དབྱེ་བ་མེད་པ་བྱས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་ལས་འགན་ཡོད་རེད་ལ། བྱེད་ཐུབ་པ་ཞིག་ཀྱང་རེད། ཡིན་ནའང་། དགོས་རྒྱུ་གཙོ་བོ་དེ་རབ་བྱུང་གི་སྡེས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་རྒྱ་གར་འཕགས་པའི་ཡུལ་ལ་བྱུང་བ་རེད་ལ། ང་ཚོ་བོད་ལ་ཡིན་ནའང་། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མང་ཆེ་བ་རབ་བྱུང་གི་རྟེན་གྱི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བ་གཙོ་བོ་ཆགས་བསྡད་ཡོད་རེད་།” ཅེས་སོགས་བཀའ་སློབ་གནང་རྗེས།

རྣམ་གྲོལ་གླིང་གི་དབུ་འཛིན་གྱང་ཁང་རིན་པོ་ཆེ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སོང་། མཛད་སྒོ་དེར་༧གོང་ས་སྐྱབས་མགོན་ཆེན་པོས་དབུས། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང་། ཆོས་རིག་བཀའ་བློན། བོད་མི་མང་སྤྱི་འཐུས་ཙོགས་གཙོ་དང་ཚོགས་གཞོན་གྱིས་གཙོས་པའི་བཙན་བྱོལ་བོད་གཞུང་གི་མཐོ་རིམ་མི་སྣ་ཁག་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཕྱི་རྒྱལ་ཀྱི་གྲོས་ཚོགས་འཐུས་མི། འབྲུག་དང་འབྲས་ལྗོངས་ཀྱི་དད་ལྡན་མི་སྣ་སོགས་བརྒྱ་ཕྲག་དུ་མ་དང་། དགེ་འདུན་པ་སྟོང་ཕྲག་དུ་མ་འདུ་འཛོམས་བྱུང་འདུག
དེང་སྐབས་རྣམ་གྲོལ་གླིང་གི་ཁོངས་གཏོགས་གྲྭ་བཙུན་ཞལ་གྲངས་ ༨༠༠༠ ལྷག་ཡོད་པ་ལས་རྒྱུན་བཞུགས་༤༠༠༠ ལྷག་གིས་བཤད་བསྒྲུབ་ལས་གསུམ་གྱི་བྱ་བར་བརྩོན་བཞིན་པ་དང་། དེ་དག་ལས་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་བཞེས་མཁན་སྤྱིའི་གྲངས་ ༢༥༠༠ ལྷག་བྱུང་ཡོད་པ་དང་། འདི་ལོའི་བསླབ་པ་མཐར་སོན་པའི་མཛད་སྒོ་ཐེངས་དྲུག་པའི་སྐབས་ཁོ་ནར་བསླབ་པ་མཐར་སོན་པའི་ཕྱག་ཁྱེར་བཞེས་མཁན་ ༡༠༠༠ ལྷག་བྱུང་ཡོད་པ་རེད་འདུག གཞན་ཡང་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་གི་ནང་མཁན་པོ་དང་། སློབ་དཔོན། དགེ་རྒན་གྲངས་ ༡༤༤ གཏོང་བཞིན་ཡོད་པ་དང་། གཞན་ཡང་བོད་དང་། ཡུ་རོབ་སོགས་ཀྱི་རྒྱལ་ཁབ་ཁག་ཏུ་ཡང་ནང་ཆོས་སློབ་ཁྲིད་པ་གཏོང་བཞིན་ཡོད་འདུག

མེ་སོར་གསར་འགོད་པས།

{jcomments on}