བོད་མིའི་མཉམ་འབྲེལ་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་པ།
ཚོགས་ཆེན་ཐོག་ནང་སྲིད་དྲུང་འཕར་ཟླ་བ་ལགས་དང་། མེ་སོར་ས་གནས་ཁྲིམས་ཞིབ་པ། ལུགས་བདེ་གཞིས་ཆགས་གཉིས་ཀྱི་ས་གནས་འགོ་འཛིན་རྣམ་གཉིས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་བཅས་དབུ་ཞུགས་ཐོག བོད་མའི་མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་གཙོ་རྣམས་ཀྱིས་གཙོས་པའི་ལས་བྱེད་མི་གྲངས་ ༦༠ བརྒལ་བ་འཛོམས་ཡོད་པ་དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོ་པདྨ་བདེ་ལེགས་ཀྱིས་ཚོགས་ཆེན་ངོ་སྤྲོད་དང་སྐབས་བོད་མའི་མཉམ་འབྲེལ་གྱི་བྱུང་རིམ་ངོ་སྤྲོད་དང་འབྲེལ། ད་ཐེངས་ཀྱི་ཚོགས་ཆེན་འདིའི་ནང་། མཉམ་འབྲེལ་ཁག་གི་རྩིས་ཁྲ་དང་ལས་བསྡོམས་ཀྱི་སྐོར། མ་འོངས་པའི་ལས་འཆར་བཅས་ཀྱི་ཐོག་སྤྱི་ཡོངས་ཀྱིས་ཉམས་ཞིབ་དང་། ཡར་རྒྱས་གཏོང་ཕྱོགས་ཐད་བགྲོ་གླེང་བྱེད་དགོས། མཉམ་འབྲེལ་གཅིག་གིས་གཅིག་ལ་ཟུར་ཟ་དང་སྐྱོན་བརྗོད་མིན་པར། ཕན་ཚུན་བཟང་པོར་དཔེ་ལྟ་བྱས་ནས་ཡར་རྒྱས་གཏོང་ཐབས་འབད་བརྩོད་བྱེད་དགོས་ཞེས་ལས་དོན་བྱེད་ཕྱོགས་ཐོག་ལམ་སྟོན་གནང་སོང་།
དེ་བཞིན་ནང་སྲིད་དྲུང་འཕར་ཟླ་བ་ལགས་དང། བདེ་སླར་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས་ཀྱིས་ལས་དོན་བྱེད་ཕྱོགས་དང། ཚོགས་ཐོག་ཏུ་གྲོས་བསྡུར་ཡག་པོ་དགོས་སྐོར་གསུང་བཤད་གནང་སོང།
ཚོགས་ཆེན་འདི་ཉིན་གསུམ་གྱི་རིང་ལ་འཚོགས་རྒྱུ་དང་། ཚོགས་ཆེན་འདིར་བོད་མིའི་མཉམ་འབྲེལ་བཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༩ པའི་གྲོས་ཆོད་ཁག་གི་ལག་བསྟར་གནས་སྟངས་ལ་བསྐྱར་ཞིབ་དང་། མ་འོངས་ཚོང་ལས་རྒྱ་བསྐྱེད། མཉམ་འབྲེལ་འཛིན་སྐྱོང་ལས་དོན་སྔར་ལྷག་ཚགས་ཚུད་གཏོང་ཐབས་སུ་མཉམ་འབྲེལ་སོ་སོར་ནུས་པ་དང་། ཞན་ཆ། གོ་སྐབས། ཉེན་ཁ་སོགས་ཇི་ཡོད་ཞིབ་འཇུག་བྱས་ནས། (SWOT Analysis) ཚོང་ལས་གོ་སྐབས་ཇི་ཡོད་དངོས་སུ་ལག་བསྟར་ཐུབ་ཐབས་ཀྱི་གནད་དོན། མཉམ་འབྲེལ་སོ་སོས་འབྲེལ་ཡོད་མངའ་སྡེ་གཞུང་ནས་ཤས་བདག་མང་ཚོགས་ཀྱི་ཆེད་དུ་སྟོན་འབྲས་ཀུན་གསབ་དང་། སྐྱེད་འབབ་ཆགས་ཡང་། གཞུང་ལམ་གསར་རྒྱག་སོགས་ཀྱི་ཐོག་མཐུན་འགྱུར་ཐོབ་ཐང་ཞུ་ཐབས་སོགས་ཀྱི་ཐོག་བགྲོ་གླེང་བྱེད་རྒྱུ་ཡིན་འདུག མེ་སོར་གསར་འགོད་པས།