སྐབས་བཅུ་བཞི་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་པ།

ཟླ་འདིའི་ཚེས་༧ ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་བཞུགས་སྒར་དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་གྲོས་ཚོགས་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་ཡོད་པ་རེད།

10thparliament-2ཐོག་མར་རྟེན་འབྱུང་གི་གསོལ་ཇ་འབྲས་སིལ་འདེགས་འབུལ་དང། དེ་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་རྗེས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་ཕུལ། དེ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། བོད་གཞུང་མང་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུའི་འཁོར་བའི་རྗེས་སུ་དེ་རིང་གི་གྲོས་ཚོགས་དེ་ཐེངས་དང་པོ་ཆགས་ཀྱི་ཡོད་རེད། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་ཐོག་ཏུ་འཐུས་མི་སུམ་བརྒྱ་ལྷག་ཙམ་གྱིས་ཉིན་ལྔ་ལྷག་གི་རིང་ལ་བཙན་བྱོལ་བོད་གཞུང་གི་ལས་ཁུངས་དྲུག་དང་འབྲེལ་བའི་བརྗོད་གཞིའི་ཐོག་ལ་གོ་སྡུར་ལྷུག་པོ་བྱུང་བ་རེད། བགྲོ་གླེང་གང་བྱུང་བ་དེ་དག་ཚང་མ་ཤོག་གྲངས་༣༢ ཙམ་གྱི་ནང་དུ་བརྗོད་གཞི་རེ་རེ་དང་འབྲེལ་བའི་གྲོས་ཆོད་མང་ཉུང་མི་འདྲ་བ་བསམ་ཚུལ་ཕྱོགས་བསྡོམས་བྱས་བཞག་པའི་ནང་དུ་སླེབས་བསྡད་ཡོད་རེད། བསམ་ཚུལ་ཕྱོགས་བསྡོམས་བྱས་པ་ཚང་མ་ལག་ལེན་བསྟར་ཐུབ་ཀྱི་རེད་ཅེས་ཞུ་ཐུབ་ཀྱི་མ་རེད་དེ། དེའི་ནང་དུ་འཕྲལ་དུ་ལག་ལེན་བྱེད་དགོས་པ་ཁག་དང། མ་འོངས་པའི་བཀའ་ཤག་དང་སྤྱི་འཐུས་ཀྱིས་བྱེད་དགོས་པའི་ལས་དོན་མང་པོ་ཞིག་ཡོད་རེད། ཁ་སང་ཚོགས་ཆེན་མཇུག་བསྡོམས་སྐབས་སུ་ཚོགས་གཙོས་ཞུས་པ་ནང་བཞིན། མ་འོངས་པར་བཀའ་ཤག་ཡིན་ན་འདྲ། སྤྱི་འཐུས་ཡིན་ན་འདྲ། དེ་བཞིན་ལས་ཀྱི་སྣེ་མོ་བ་སུ་ཡིན་ཡང་བསམ་འཆར་ཕྱོགས་བསྡོམས་བྱས་བཞག་པའི་ནང་དོན་གང་འཁོད་པ་དེ་དག་ལག་བསྟར་ཐུབ་པ་དེ་ཐུབ་པ་དང། མ་ཐུབ་པ་དེ་མ་ཐུབ་པ་ཞེས་མང་ཚོགས་ནང་དུ་གསལ་པོ་བཟོ་དགོས་པ་གནད་འགག་ཅིག་ཏུ་མཐོང་གི་ཡོད་ཅེས་དང།

10thparliament-3མུ་མཐུད་གསུང་དོན། ད་ལྟའི་བོད་ནང་གི་ཆབ་སྲིད་གནས་སྟངས་མུ་མཐུད་ཛ་དྲག་པོ་ལྷག་བསྡད་ཡོད་རེད། བོད་ནང་གི་ཆབ་སྲིད་དམ་དྲག་ཆེན་པོ་དང། བལ་ཡུལ་གྱི་མཐའ་མཚམས་སུ་དམ་དྲག་ཆེན་པོ་བྱས་པའི་རྐྱེན་གྱིས་བཙན་བྱོལ་དུ་ཡོང་མཁན་ཉུང་དུ་སོང་ཡོད་པ་ཤེས་གསལ་རེད། ལྷག་པར་དུ་དགོན་པ་ཁག་ལ་དམ་དྲག་བྱེད་པ་དང། བླ་མ་དང་སྤྲུལ་སྐུ། དེ་བཞིན་མཁས་དབང། གཞས་པ། སོ་སོས་རྣམ་དཔྱོད་བཏོན་ནས་བོད་ནང་གི་སྤྱི་ཚོགས་ཁྲོད་དུ་རླབས་ཆེན་གྱི་ཕྱག་ལས་གནང་མཁན་དང། བོད་མིའི་བསམ་སྤྱོད་ལ་འགྱུར་བ་གཏོང་ཐུབ་པའི་གང་ཟག་མང་པོ་ཞིག་ལ་རྒྱ་ནག་གིས་གཅིག་གཅིག་གཉིས་གཉིས་བྱས་ནས། འཛིན་བཟུང་དང་བཙོན་འཇུག་བྱེད་པ་ལ་སོགས་པའི་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད་རེད། དེ་དག་ལ་གལ་སྲིད་རྒྱ་ནག་གཞུང་ངོས་ནས་གཏིང་ཟབ་པོའི་བསམ་བློ་བཏང་ཐུབ་པ་ཡིན་ན། ཕུགས་རྒྱང་རིང་པོའི་ཐོག་ནས་བོད་དང་རྒྱ་ནག་མི་རིགས་དབར་གྱི་མཐུན་སྒྲིལ་ལ་རྩ་བ་ཉིད་ནས་ཕན་ཐོགས་མེད་པ་ཤེས་དགོས་པའི་གནས་སྟངས་ཤིག་རེད་བསམ་གྱི་ཡོད། དེ་བཞིན་བོད་ནང་དུ་འཛུགས་སྐྲུན་གྱི་མིང་ཁྱེར་ནས་བོད་མིའི་ངོ་བོ་རྩ་བརླག་གཏོང་བའི་ཐབས་ཇུས་དེ་ཚོའང་ཕུགས་རྒྱང་རིང་པོའི་བོད་རྒྱའི་དཀའ་རྙོག་སེལ་བར་གནོད་སྐྱོན་འགྲོ་བ་ཞིག་མ་གཏོགས་ཕན་ཐོགས་ཡོད་པ་ཞིག་མཐོང་གི་མི་འདུག དེ་འདྲའི་ཐོག་ནས་བོད་རིགས་ཀྱི་སྲོག་དང་བཅས་པར་དོ་ཕོག་འགྲོ་ཡི་ཡོད་པ་རེད། དེའི་ཐོག་ལ་ཕྱི་ཟླ་བཞི་པའི་ནང་སྐྱེ་རྒུ་མདོར་ས་ཡོམ་བྱུང་བ་དང། འབྲུག་ཆུའི་ཡུལ་དུ་འདམ་རུད་ཀྱི་གནོད་སྐྱོན་བྱུང་ནས་མི་སྟོང་ཕྲག་མང་པོར་ལུས་སྲོག་ལོངས་སྤྱོད་གང་ཅིའི་ཐད་ལ་གོད་ཆགས་ཆེན་པོ་བྱུང་བསྡད་ཡོད་པ་རེད། དེ་བཞིན་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་ཐད་ལ་རྒྱ་ནག་གི་སྲིད་བྱུས་འོག་ནས་མདུན་སྐྱོད་བྱེད་མ་ཐུབ་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། གནས་སྟངས་འདི་དག་ལ་བལྟས་ནས་གྲོས་ཚོགས་ནང་དུ་མི་མང་གིས་འགན་བཀལ་བ་ནང་བཞིན། མང་གཙོའི་ལམ་སྲོལ་དང་མཐུན་པའི་ཐོག་ནས་གྲོས་ཚོགས་ལམ་ལྷོང་ཡོང་བའི་རེ་བ་ཞུ་རྒྱུ་ཡིན་ཞེས་དང།

མུ་མཐུད་གསུང་དོན། དེ་རིང་གྲོས་དབུ་འཛུགས་ཀྱི་ཉིན་དང་པོའི་སྐབས་འདིར་གྲོས་ཚོགས་འཐུས་མི་བཅུ་ཙམ་ཞིག་ཕེབས་ཐུབ་མི་འདུག དེ་ཏོག་ཙམ་བློ་ཕམ་གྱི་རྒྱུ་རེད་བསམ་གྱི་ཡོད། དེར་བརྟེན་ཚང་མས་མ་འོངས་པར་གྲོས་ཚོགས་དེ་གལ་ཆེན་པོ་ཡིན་པ་དང། གྲོས་ཚོགས་ནང་དུ་མཉམ་ཞུགས་བྱེད་དགོས་པ་དེ་གྲོས་ཚོགས་འཐུས་མིར་མི་མང་གིས་བཀལ་བའི་འགན་གཙོ་བོ་ཞིག་ཡིན་པར་ངོས་འཛིན་བྱེད་དགོས་པ་དང། མང་གཙོའི་ལམ་སྲོལ་ནང་དུ་གྲོས་ཚོགས་ཟེར་བ་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་སྒྲིག་འཛུགས་རྩ་ཆེན་ཞིག་ཡིན་སྟབས། སྒྲིག་འཛུགས་དེའི་ཆེ་མཐོང་ཉར་བ་ལ་ཚོགས་ཁང་འདིའི་ནང་དུ་ཡོད་པའི་ཚོགས་མི་ཚང་མས་ཐུགས་སྣང་གནང་དགོས་པ་ཞིག་ཡིན་དུས་དེ་རིང་གྲོས་ཚོགས་འདི་ལམ་ལྷོང་ཡོང་བ་དང། ཚང་མས་ཚུལ་དང་མཐུན་པའི་ཐོག་ནས་རྣམ་དཔྱོད་རྩལ་དུ་བཏོན་ནས་ཆ་ཤས་ལེན་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་སོང།

དེ་རྗེས་སྐྱེ་རྒུ་མདོར་ས་ཡོམ་བྱུང་བ་དང། འབྲུག་ཆུར་ཆུ་ལོག་བྱུང་བ། མདོ་སྨད་སྤྱི་ཟུར་སྒོ་མང་བསྟན་པ་སྐུ་གཤེགས་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ཕུར་བུ་ཚེ་རིང་ལགས་སྐུ་གཤེགས་པ་བཅས་ལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་བཞག་ནས། སྐར་མ་གཅིག་རིང་ངག་བཅད་མྱ་ངན་ཞུས་སོང།

གྲོས་ཚོགས་ཚོགས་དུས་བཅུ་པ་ཟླ་འདིའི་ཚེས་༧ ནས་ཚེས་༡༧ བར་ཉིན་བཅུའི་རིང་འཚོག་རྒྱུ་ཡིན་པ་དང། ཉིན་དང་པོའི་མཛད་རིམ་ནང་དུ་བོད་གཞུང་གི་ལྷན་ཁང་སོ་སོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་གསེང་ཞུ་རྒྱུ་དང། དེ་ནས་རིམ་བཞིན་ཁྲིམས་བཟོའི་ལས་དོན་དང་ཐུགས་སྣང་གཞེན་སྐུལ་གྲོས་འཆར་སོགས་མུ་མཐུད་ཕེབས་རྒྱུ་ཡིན་པ་རེད།།

{jcomments on}