མི་གཅིག་འོས་གཅིག་ཅེས་པའི་ལྟ་གྲུབ་དང་འགལ་ཡོད་པ་མ་རེད།
ཁོང་གིས་གསུངས་དོན། འདྲ་མཉམ་ཟེར་བ་དེ་བསམ་བློའི་ནང་དུ་གསལ་པོ་བྱས་ནས་ཚུད་ཁག་པོ་ཞེ་པོ་ཞིག་ཡོད་པ་རེད། མི་སུ་དང་སུ་ཡིན་ནའང་མི་གཞན་པ་ཞིག་ལ་ཐོབ་ཐང་མང་བ་རག་སོང་། ང་ལ་ཏོག་ཙམ་ཉུང་བ་རག་གི་འདུག ངེད་གཉིས་འདྲ་མཉམ་བྱུང་མ་སོང་བསམ་པའི་ལྷན་སྐྱེས་ཀྱི་བསམ་བློ་དེ་འདྲ་ཞིག་ཡོད་པ་དེ་ལ་ཉེན་ཁ་ཡོད་པ་རེད། མིའི་གཤིས་རྒྱུད་ཀྱི་ནང་དུ་དེ་འདྲ་འདྲ་ཞིག་ཡོད་པ་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་དེའི་བསམ་ཚུལ་དེ་མང་བ་ཡོད་བསྡད་པ་ཞིག་རེད། ད་ལྟ་ངས་དཔེ་མཚོན་ཞིག་ཞུས་པ་ཡིན་ན། ང་ཚོའི་གྲོས་ཚོགས་ཀྱི་ནང་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་གྱི་སྐུ་ཚབ་དེ་ཚོ་གྲྭ་བཙུན་སྔགས་གསུམ་གྱིས་འོས་བསྡུ་བྱེད་ཀྱི་ཡོད་པ་རེད། ཆོལ་ཁ་གསུམ་གྱི་སྐུ་ཚབ་དེ་ཚོ་རྒྱ་བལ་འབྲུག་གསུམ་གྱི་ནང་དུ་ཡོད་པའི་བོད་མི་ཡོངས་རྫོགས་ཀྱིས་འོས་འདེམས་བྱེད་ཀྱི་ཡོད་པ་རེད། ཡུ་རོབ་དང་ཨ་རི་ལ་ཡོད་པའི་ས་གནས་ཀྱི་སྤྱི་འཐུས་དེ་ཚོ་ས་གནས་དེའི་ཁོངས་སུ་ཡོད་པའི་བོད་མི་དེ་ཚོས་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་ཙང་ཚང་མའི་བསམ་བློའི་ནང་དུ་ག་རེ་ཡོད་པ་རེད་ཅེ་ན། ང་ཚོར་འོས་ཤོག་བླུག་རྒྱུའི་ཐོབ་ཐང་འདྲ་མཉམ་མི་འདུག་བསམ་གྱི་ཡོད་པ་རེད། མི་གཅིག་གིས་འོས་ཤོག་གཅིག་ཟེར་བའི་མང་གཙོའི་ལྟ་གྲུབ་ཀྱི་ནང་དུ་གཅིག་ཡོད་པ་རེད། དེའི་གོ་དོན་ངོ་མ་དེ་ག་རེ་རེད་ཅེས་གསུངས་པ་ཡིན་ན། དེའི་གོ་དོན་ངོ་མ་མི་ཚང་མ་ལ་རང་གིས་ཐོབ་ཐང་ཡོད་པའི་སྐུ་ཚབ་འདེམས་བསྐོ་བྱེད་རྒྱུའི་གོ་སྐབས་འདྲ་མཉམ་ཡོད་པ་ཞིག་ལ་ལབ་ཀྱི་ཡོད་པ་རེད་མ་གཏོགས། འོས་ཤོག་གྲངས་ཀ་བརྒྱབ་ནས་དེའི་མང་ཉུང་ཕྱིན་པ་དེ་འདྲ་མཉམ་ཡོང་གི་མི་འདུག་གསུངས་པ་ཡིན་ན་དེ་གནས་ཚུལ་ཏག་ཏག་སྡོད་ཀྱི་ཡོད་པ་མ་རེད། འདི་འདྲ་བྱས་པ་ཡིན་ན་མི་གཅིག་གིས་འོས་གཅིག་ཅེས་པ་དེ་ང་ཚོའི་བཅའ་ཁྲིམས་ཀྱི་འོག་ལ་གྲངས་ཀ་གཅིག་ལ་བསམ་བློ་བཏང་བ་ཡིན་ན་ང་ཚོའི་བཅའ་ཁྲིམས་ཀྱི་འོག་ལ་ཡོང་ཐབས་ཡོད་པ་མ་རེད།
ཆོལ་ཁ་གསུམ་གྱི་འཐུས་མི་འོས་འདེམས་བྱེད་མཁན་འོས་འཕེན་པ་ཞིག་ཡིན་པ་ཡིན་ན། འོས་ཤོག་བཅུ་བཅུ་བླུག་རྒྱུའི་ལས་འགན་ཡོད་པ་རེད། ཡང་མིན་ན་ཐོབ་ཐང་ཡོད་པ་རེད། ཆོལ་གསུམ་དང་ཆོས་ལུགས་གཉིས་ཆའི་འོས་བསྡུ་བྱེད་མཁན་ཞིག་ཡིན་ན་འོས་ཤོག་བཅུ་གཉིས་བཅུ་གཉིས་བླུག་རྒྱུའི་འགན་ཡོད་པ་རེད། ས་གནས་འཐུས་མི་འོས་འདེམས་བྱེད་མཁན་ཞིག་ཡིན་ན་འོས་ཤོག་གཅིག་བླུག་རྒྱུའི་འགན་ཡོད་པ་རེད། དེ་འདྲ་ཡིན་ཙང་ད་ལྟའི་བཅའ་ཁྲིམས་འདིའི་སྐུ་ཚབ་ཡོང་སྟངས་ཀྱི་ཆ་ནས་གཟིགས་པ་ཡིན་ན། ཁོང་ཚོ་གཅིག་གྱུར་བྱས་ནས་འདྲ་མཉམ་བཟོ་རྒྱུའི་ལམ་ཁ་ཡོད་པ་མ་རེད། དེའི་ཐོག་ལ་དགོངས་ཚུལ་དངོས་གནས་ཤུགས་ཆེན་པོ་ཡོང་དགོས་ཀྱི་ཡོད་ན། ཡུ་རོབ་དང་ཨ་རི་ལ་ཡོད་མཁན་གྱི་མི་དེ་ཚོའི་སེམས་ལ་ཡོང་དགོས་པའི་བཟོ་འདྲ་ཞིག་རེད། གང་ཡིན་ཞེ་ན་ཡུ་རོབ་ལ་ཡོད་མཁན་ཚོ་ལ་གཉིས་དང། ཨ་རི་ལ་ཡོད་མཁན་ཚོ་ལ་གཅིག་བླུག་རྒྱུ་ཡོད་པ་རེད། ཁོང་ཚོ་ཉུང་ཤོས་ཆགས་བསྡད་ཡོད་པ་རེད། ཡིན་ནའང་ཁོང་ཚོའི་སྐུ་ཚབ་གྲོས་ཚོགས་ནང་སླེབས་ཀྱི་ཡོད་པ་མ་རེད་དམ་ཞེ་ན། སྐུ་ཚབ་སླེབས་ཀྱི་ཡོད་པ་རེད། ས་གནས་ཀྱི་སྤྱི་འཐུས་ཀྱི་ངོ་བོའི་ཆ་ནས་སྐུ་ཚབ་སླེབས་ཀྱི་ཡོད་པ་ཡིན་པས་སྐུ་ཚབ་སླེབས་སྟངས་མི་འདྲ་བ་ཞིག་རེད། དེ་ཡིན་པས་ཁོང་ཚོའི་འོས་ཤོག་ཉུང་དྲགས་པའི་དབང་གིས་འདྲ་མཉམ་མེད་པ་དང་། ཐོབ་ཐང་ཤོར་བའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་པ་མ་རེད། ང་ཚོའི་མང་གཙོའི་སྒྲོམ་གཞི་དེ་གཞིས་བཞུགས་བོད་མིའི་གནས་བབས་ལ་གཞི་རྩ་བཞག་ནས་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྤྱི་འཐུས་ཡོད་པའི་སྒྲོམ་གཞི་ཞིག་བཟོས་ཡོད་པ་རེད། སྒྲོམ་གཞི་དེ་ངས་བལྟས་པ་ཡིན་ན་ཡག་པོ་ཞིག་རེད་བསམ་གྱི་ཡོད། འཛམ་བུའི་གླིང་འདིའི་མང་གཙོའི་ལམ་ལུགས་ཚང་མའི་ནང་དུ་སྐུ་ཚབ་ཡོང་སྟངས་དེ་ས་གནས་དང་། ལྗོངས་མང་ཚོགས་ཀྱི་མི་ཚེའི་ངོ་བོ་ག་འདྲ་ཞིག་མཚོན་གྱི་ཡོད་མེད་དང་ཤུགས་སྣོན་ཆེ་ཤོས་ག་རེ་ཡིན་པ་དེའི་ངོ་བོའི་ཐོག་ནས་སྐུ་ཚབ་ཡོང་དགོས་པ་ཞིག་རེད།
གྲོས་ཚོགས་ཀྱི་ནང་དུ་ཆོས་ལུགས་ཆོས་བརྒྱུད་ཀྱི་སྐུ་ཚབ་ཡོང་བ་དང། ཆབ་སྲིད་ཀྱི་རང་བཞིན་ཆོས་སྲིད་ཟུང་འབྲེལ་ཡིན་པ་གཉིས་ལ་འབྲེལ་བ་ཁྱོན་ནས་ཡོད་པ་མ་རེད། ང་ཚོ་བོད་མི་མང་ཆེ་བས་དེ་མཁྱེན་གྱི་ཡོད་པ་མ་རེད་བསམ་གྱི་འདུག ན་གཞོན་སློབ་སྦྱོང་ཐོན་པ་དེ་ཚོས་མཁྱེན་དགོས་པ་ཞིག་རེད་དེ་ཕལ་ཆེར་ཐུགས་སྣང་གནང་གི་མེད་པ་རེད་བསམ་གྱི་འདུག ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་བཀོད་ནས་༧གོང་ས་སྐྱབས་མགོན་ཆེན་པོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ལ་གནང་བའི་སྐབས་ལ་བཅའ་ཁྲིམས་དེའི་ནང་ཆོས་སྲིད་ཟུང་འབྲེལ་གྱི་ཚིག་ཡོད་པ་མ་རེད། ཆོས་ལུགས་རིས་མེད་ཀྱི་ཚིག་ཡོད་པ་རེད། ཆོས་ལུགས་རིས་མེད་ཅེས་པ་དེ་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་བཞེས་ཕྱོགས་དེ་ད་ལྟའི་ནུབ་ཕྱོགས་ཀྱི་Secular ཞེས་པ་དེའི་སྐད་དོད་རེད། ནུབ་ཕྱོགས་ཀྱི་སྐད་ལ་ཡོད་སེ་ཁུ་ལར་ཞེས་པར་ཆོས་ལུགས་རིས་མེད་ཅེས་པ་དེ་བཞག་གནང་ཡོད་པ་རེད། སྤྱིར་བཏང་རྒྱ་གར་གྱི་ནང་ལོགས་སུ་ Secularཞེས་པའི་ཚིག་ལ་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་དང་སྒྱུར་སྟངས་མི་འདྲ་བ་ཁ་ཤས་ཤིག་ཡོད་པ་རེད། ཆོས་མེད་རིང་ལུགས་ཞེས་སྒྱུར་མཁན་ཡོད་པ་རེད། ཆོས་ལ་ལྟོས་མེད་ཅེས་སྒྱུར་མཁན་ཡོད་པ་རེད། ཆོས་ལུགས་རིས་མེད་ཅེས་སྒྱུར་མཁན་ཡོད་པ་རེད། དེར་བརྟེན། ང་ཚོ་བོད་པས་ཆོས་ལུགས་རིས་མེད་ཅེས་པའི་ཚིག་དེ་བླངས་པ་རེད། བདག་ཉིད་ཆེན་མོ་གཱན་དྷིས་བཟོས་གནང་བའི་ཚིག་ཅིག་རེད། ཅེས་དང།
བཅའ་ཁྲིམས་ཀྱི་ཟིན་བྲིས་ནང་དུ་ཆོས་ལུགས་རིས་མེད་ཅེས་པའི་ཚིག་དེ་བཀོད་ཡོད་པ་རེད་དེ། གྲོས་ཚོགས་ཀྱི་ནང་ནས་ཚིག་དེ་མ་ཐོན་པར་ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཚིག་དེ་སླེབས་པ་རེད། ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཚིག་དེ་སླེབས་པའི་ཉེར་ལེན་ལ་བརྟེན་ནས་ཆོས་ལུགས་སྤྱི་འཐུས་དེ་ལྷག་བསྡད་པ་དང། ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཚིག་མེད་པར་ཆོས་ལུགས་རིས་མེད་ཅེས་པའི་ཚིག་དེ་སླེབས་ཡོད་ན་ཆོས་ལུགས་སྤྱི་འཐུས་མེད་པ་ཆགས་འགྲོ་བའི་བསམ་ཚུལ་ཡོད་མཁན་དེ་འདྲ་ཡོད་ས་རེད། དེ་བདེན་པ་མ་རེད། ཆོས་ལུགས་རིས་མེད་ཀྱི་ཚིག་དེ་བསྡད་ཡོད་པ་ཡིན་ནའང་ཆོས་ལུགས་ཆོས་བརྒྱུད་ཀྱི་སྤྱི་འཐུས་དེ་ཡོད་པ་རེད། ཆོས་ལུགས་སྤྱི་འཐུས་སྡོད་དགོས་པའི་རྒྱུ་མཚན། བོད་པ་མང་ཆེ་བ་ཆོས་ལུགས་ཆོས་བརྒྱུད་གང་ཡང་རུང་བ་ཞིག་གི་ཁོངས་གཏོགས་ཆགས་ཀྱི་ཡོད་པ་རེད། ད་ལྟའི་བར་དུ་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་ང་ཆོས་དད་མེད་མཁན་ཡིན་ཞེས་བརྗོད་མཁན་གཅིག་ཀྱང་ཡོད་པ་མ་རེད། ད་ལྟ་གཞོན་སྐྱེས་དེ་ཚོའི་ནང་དུ་ཆོས་དད་མེད་མཁན་ཡོད་ཀྱི་རེད། ཁྱེད་རང་ཆོས་དད་ཡོད་མཁན་ཡིན་དང་མེད་མཁན་ཡིན་ཞེས་སྐད་ཆ་དྲིས་པ་ཡིན་ན། ཚང་མས་ཆོས་དད་ཡོད་མཁན་ཡིན་ཞེས་ལབ་ཀྱི་རེད་མ་གཏོགས། ང་ཆོས་མེད་ཡིན་ཞེས་ལབ་མཁན་ཧ་ལམ་དཀོན་པོ་རེད་བསམ་གྱི་འདུག བོད་པའི་སྤྱི་ཚོགས་ནང་དུ་ཡོང་གི་མ་རེད། ཆོས་ཚིག་གཅིག་ཤེས་ཀྱི་མེད་ཀྱང་། ང་ནང་པ་ཡིན། ང་བོན་པོ་ཡིན། ང་ཁ་ཆེ་ཡིན་ཞེས་བཤད་མདོག་རེད། བཤད་ཀྱི་ཡོད་པ་རེད། ང་དགེ་ལུགས་པ་ཡིན། ང་རྙིང་མ་པ་ཡིན། དེ་བཤད་ཀྱི་ཡོད་པའི་སྐབས་ལ་མི་ཚེའི་མདུན་ལམ་གྱི་མཚོན་བྱེད་ཆེན་པོ་ཞིག་ཆོས་དེ་ཆགས་སོང་ངཱ་། དེའི་ངོས་ནས་སྐུ་ཚབ་མཚོན་མཁན་ཞིག་ངེས་པར་དུ་ཡོད་དགོས་པ་རེད། ལྷག་པར་དུ་འདས་པའི་བྱུང་རབས་ལ་བལྟས་ན་བོད་པའི་ཆབ་སྲིད་དེ་ཆོས་ལུགས་ཀྱི་ངོ་ཚབ་ཤུགས་ཆེན་པོ་བྱས་ཡོད་པ་རེད། བོད་པའི་ལྟ་སྟངས་ཀྱི་ནང་དུ་དབུས་ཀྱི་དབང་བསྒྱུར་མཁན་གྱི་གང་ཟག་དེ་བོན་པོ་ཡིན་པའི་སྐབས་ལ་བོན་པོའི་ཆབ་སྲིད་ཡིན་པའི་བཟོ་འདྲ་ཞིག དབང་སྒྱུར་མཁན་གྱི་གང་ཟག་དེ་བཀའ་བརྒྱུད་པ་ཡིན་པའི་སྐབས་ལ་བཀའ་བརྒྱུད་པའི་སྲིད་གཞུང་ཡིན་པའི་བཟོ་འདྲ་ཞིག དབང་བསྒྱུར་མཁན་གྱི་གང་ཟག་དེ་ས་སྐྱ་པ་ཡིན་པའི་སྐབས་ལ་ས་སྐྱའི་སྲིད་གཞུང་ཡིན་པའི་བཟོ་འདྲ་ཞིག དེ་བདེན་པ་མ་རེད་དེ་མཐོང་ཚུལ་དེ་འདྲ་ཞིག་ཡོད་པ་རེད། མཐོང་ཚུལ་དེ་འདྲ་ཞིག་ཡོང་དགོས་པའི་རྒྱུ་མཚན་མི་ཚེའི་གཟུགས་བརྙན་དེ་དང་ཆོས་ཀྱི་གཟུགས་བརྙན་གཉིས་པོ་དེ་ཁ་ཁར་ཕྱེ་ཐུབ་ཀྱི་ཡོད་པ་མ་རེད། དེ་ཁ་ཁར་ཕྱེ་མ་ཐུབ་པ་ཡིན་པས། མི་ཚེའི་ལས་དབང་གི་ཆ་ཤས་ཤུགས་ཆེན་པོ་ཞིག་ཆོས་ལུགས་ཀྱི་ནང་དུ་འདྲེས་ཡོད་པ་རེད།
ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཆུང་ཆུང་དེ་ཚོའི་ནང་ལོགས་སུ་ཚང་མས་ཆོས་ལུགས་རིས་མེད་ཡིན་ཟེར་གྱི་ཡོད་པ་རེད། དགོན་པ་དང་ཆབ་སྲིད་ལོགས་སུ་དབྱེ་ཚར་བ་ཡིན་ཟེར་མཁན་ཤ་སྟག་རེད། ཡིན་ནའང་དེ་ཚོའི་ནང་ལོགས་ལ་Catholic དང་ Protestant གྱི་སྐུ་ཚབ་ཡོད་པའི་གྲོས་ཚོགས་ལྔ་དྲུག་ཅིག་ཡོད་པ་རེད། དེ་ཚོའི་ནང་ལོགས་ལ་ས་ཁྱོན་དང་མངའ་སྡེ་ཆོས་ལུགས་དེ་འདྲའི་ངོས་ནས་སྐུ་ཚབ་ཡོང་སྡོད་ཀྱི་ཡོད་པ་རེད། ག་རེ་རེད་ཅེ་ན། ཁོ་རང་དེའི་མི་ཚོགས་ཤིག་གི་ངོ་བོ་མཚོན་བྱེད་ཆགས་ཡོད་པ་རེད། དེར་བརྟེན། དེའི་སྐུ་ཚབ་གྲོས་ཚོགས་ནང་ཡོད་དགོས་པ་དེ་མང་གཙོའི་རིག་པའི་གཞུང་ལུགས་ཀྱི་ཆ་ནས་གལ་ཆེན་པོ་རང་བཞིན་གྱིས་རེད། དེ་ཡོད་པའི་དབང་གིས་ཁོང་ཚོའི་གཞུང་དེ་ཆོས་ལུགས་རིས་མེད་མ་རེད་ཅེས་བཤད་ཐུབ་ཐབས་མེད་པ་རེད།
དེང་རབས་ཀྱི་རྩ་ཁྲིམས་གསར་པ་དེ་ཚོའི་ནང་ལ། དཔེར་ན་ཤྲི་ལིངྒ་ལྟ་བུ་ལ་ཆ་མཚོན་ན་ནང་པའི་རྒྱལ་ཁབ་ཡིན་ཟེར་གྱི་ཡོད་པ་རེད། དེ་འདྲ་ཡིན་པས། རང་བཞིན་གྱིས་ཆོས་ལུགས་དང་ཆོས་བརྒྱུད། ལྷག་པར་དུ་གདུང་རྒྱུད་ཡན་ཆད་ཀྱིས་གྲོས་ཚོགས་ནང་དུ་སྐུ་ཚབ་མཚོན་གྱི་ཡོད་པ་རེད། རྒྱ་གར་དུའང་མངའ་སྡེ་ཁ་ཤས་ཀྱི་ནང་དུ་ཆོས་ལུགས་ཀྱི་སྐུ་ཚབ་ཡོད་པ་རེད། དེ་ཚོ་འོས་བསྡུ་བྱེད་པའི་སྐབས་ལ་ཕལ་ཆེ་བ་ང་ཚོ་དང་གཅིག་པ་རེད། དགོན་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ་གྱིས་འོས་བསྡུ་བྱེད་ཀྱི་ཡོད་པ་རེད། དེའི་དབང་གིས་མི་གཅིག་འོས་གཅིག་ཟེར་བའི་ལྟ་གྲུབ་དང་འགལ་གྱི་འདུག་ཅེས་ཟེར་བ་དེ་བདེན་པ་གང་ཡང་མ་རེད། གནས་ཚུལ་དམིགས་བསལ་བའི་འོག་ནས་སྐུ་ཚབ་ཀྱི་གྲངས་ཀ་དམིགས་བསལ་བ་ཐོབ་པ་དེ་འཇིག་རྟེན་ཡོངས་རྫོགས་ལ་ཡོད་པ་རེད།
རྒྱ་གར་ལྟ་བུར་ཆ་བཞག་ན་གྲོས་ཚོགས་ཀྱི་འཐུས་མི་མང་ཆེ་བ་ས་གནས་ཀྱི་འཐུས་མི་རེད། ས་གནས་བགོ་བཤའ་བརྒྱབ་ཡོད་པ་རེད། Constituency ཞེས་མིང་བཏགས་ཡོད་པ་རེད། མིའི་གྲངས་ཀ་དང་ས་ཁྱོན་ཆེ་ཆུང་གཉིས་ཆ་ལ་བལྟས་ནས་དེ་རང་དབྱེ་བ་ཕྱེ་མཁན་གྱི་ཚོགས་ཆུང་ཞིག་ཡོད་པ་རེད། ཚོགས་ཆུང་དེས་དུས་ནས་དུས་སུ་བལྟས་ནས་ས་མཚམས་ཀྱི་དབྱེ་བ་ཕྱེ་འགྲོ་ཡི་རེད། ཡིན་ནའང་དེའི་དབང་གིས་གྲོས་ཚོགས་ཀྱི་ནང་དུ་འཐུས་མི་མང་ཉུང་གི་དབྱེ་བ་འགྲོ་ཡི་མ་རེད། འཐུས་མི་མང་ཉུང་དང་པོ་གང་ཡོད་པ་ནང་བཞིན་སྡོད་ཀྱི་རེད་དེ། སྐབས་སོ་སོའི་དགོས་དབང་ལ་བལྟས་ནས་བཟོས་པ་རེད། ཨ་རུ་ན་ཅལ་མངའ་སྡེ་ལྟ་བུ། རྗམ་མུ་ཀ་ཤི་སྨྲིར་ནང་གི་ལ་དྭགས་དང་དཀར་འཁྱིལ་གྱི་རྫོང་ཁོངས་ལྟ་བུ། ཧི་མ་ཅལ་མངའ་སྡེ་ལྟ་བུ། ཨུ་ཏར་ཁནཌ་མངའ་སྡེ་ལྟ་བུ། དེ་ཚོ་ལ་མི་འབོར་གྱི་ཆ་ནས་བལྟས་ན་མངའ་སྡེ་གཅིག་ལ་གྲོས་ཚོགས་འཐུས་མི་གཅིག་ཐོབ་རྒྱུ་ཡོད་པ་མ་རེད། ཨུ་ཏ་ར་མངའ་སྡེ་དང། ཨན་ཏར་མངའ་སྡེ་ལྟ་བུ་མི་འབོར་མང་ས་དེ་ཚོ་ལ་བལྟས་པ་ཡིན་ན་འཐུས་མི་རེ་རེ་ལ་འོས་ཤོག་བླུག་མཁན་ས་ཡ་གསུམ་དང་བཞི་དེ་འདྲ་ཡང་ཡོད་པ་རེད། ས་གནས་ཆུང་ཁག་དེ་ཚོ་འཐུས་མི་རེ་རེ་ལ་འབུམ་ལས་ཉུང་བ་དེ་འདྲ་ཡང་ཡོད་པ་རེད། ཡིན་ནའང་ས་ཁུལ་དང་མངའ་སྡེའི་ཆ་ནས་གྲོས་ཚོགས་ཀྱི་འཐུས་མི་ཚང་མ་ལ་ཐོབ་ཐང་ཡོང་བའི་ཆེད་ཟུར་དུ་བཟོས་ཡོད་པ་རེད། དེས་མི་གཅིག་འོས་གཅིག་ཅེས་པའི་ལྟ་གྲུབ་དེ་དང་འགལ་ཟླ་འགྲོ་ཡི་ཡོད་པ་མ་རེད།
རྒྱ་གར་གྱི་ནང་དུ་གཞན་དག་ཕར་ཞོག སྔོན་མ་རྒྱ་གར་དབྱིན་ཇིའི་དབང་བསྒྱུར་འོག་ཏུ་ཡོད་པའི་སྐབས་སུ་རྒྱ་གར་གྱི་མི་རིགས་དང་དབྱིན་ཇིའི་མི་རིགས་ཆང་ས་བརྒྱབ་ནས་སྐྱེས་པའི་མི་དེ་ཚོ་(Anglo- Indians)ཞེ་དྲག་ཉུང་ཉུང་རེད། ཁོང་ཚོ་ལའང་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་དུ་དམིགས་བསལ་ས་མིག་གི་ཐོབ་ཐང་སྤྲད་ཡོད་པ་རེད། མངའ་སྡེ་ཁག་གི་གྲོས་ཚོགས་གོང་མིའི་འཐུས་མིའི་ནང་དུ་ཆ་མཚོན་པ་ཡིན་ན། པན་ཇབ། ཧ་རི་ཡ་ན། རཱ་ཇི་སི་ཐན། ཨུ་ཏར་མངའ་སྡེ་དེ་ཚོ་ཚང་མའི་ནང་དུ་ངས་ཤེས་པ་ལྟར་ན་བསྟན་བཅོས་འཛིན་གྲྭ་ཐོན་པའི་ཡུལ་མི་དེ་ཚོའི་སྐུ་ཚབ་ཡོད་པ་རེད། (Graduate Member) དེ་ལ་འོས་ཤོག་བླུག་མཁན་དེ་ཚོ་མངའ་སྡེ་དེའི་ཡུལ་མི་ཡིན་པ་གང་ཞིག་ལ། རང་ཉིད་(B.A)ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་ཞིག་ཡིན་ན། (Electoral College)ཨི་ལེག་ཊོ་རི་ཀོ་ལི་ཇིས་ཟེར་བ་དེའི་ནང་དུ་མིང་རྒྱག་དགོས་པ་རེད། ཁོང་ཚོས་སྤྱིར་བཏང་ཡུལ་མི་སྤྱི་མཚུངས་ཀྱི་འཐུས་མི་གཅིག་འདེམས་ཀྱི་ཡོད་པ་རེད། གྷེ་ཇུ་ཨར་དེ་ཚོའི་སྐུ་ཚབ་གཅིག་འདེམས་ཀྱི་ཡོད་པ་རེད། མི་གཞན་ལ་བལྟས་པ་ཡིན་ན་ཁོང་ཚོ་ལ་འོས་ཤོག་གཉིས་བླུག་རྒྱུ་ཡོད་པ་རེད། སྐུ་ཚབ་མི་འདྲ་བ་གཉིས་འདེམས་རྒྱུ་ཡོད་པ་རེད། དེ་ལ་བརྟེན་ནས་ཁོང་ཚོ་ལ་ཐོབ་ཐང་མང་བ་འདུག་ཅེས་བཤད་ཀྱི་ཡོད་པ་མ་རེད། ག་རེ་རེད་ཅེ་ན་གཅིག་དེ་རང་ཉིད་ས་ཁྱོན་དེའི་མི་ཡིན་པའི་ཆ་ནས་སྐུ་ཚབ་མཚོན་གྱི་ཡོད་པ་རེད། གཅིག་དེ་རང་ཉིད་བསྟན་བཅོས་འཛིན་གྲྭའི་ལག་ཁྱེར་ཐོབ་པའི་མི་ཞིག་ཡིན་པའི་ཆ་ནས་ངོ་ཚབ་མཚོན་གྱི་ཡོད་པ་རེད་ཅེས་སོགས་གསུངས་ཡོད་པ་རེད།
{jcomments on}