ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ།

རང་ལ་གཅེས་པར་འཛིན་ན་མི་དགེ་ལས།།

གཞན་ལ་གཅེས་པར་བཟུང་ན་དགེ་བའི་ལས།།

བསགས་པར་ངེས་པའི་ལས་ཀྱི་རྣམ་གཞག་ལ།།

ངེས་པ་གཏིང་ནས་སྐྱེད་ཅིག་རིགས་ཀྱི་བུ།།

དགའ་སྡུག་ཚོར་བ་ཇི་སྙེད་བྱུང་བ་ཀུན།།

སྟོན་པས་ལས་ལས་སྐྱེས་ཞེས་བཞི་ཤད་གནང་།།

མཇལ་བཞིན་མཇལ་བཞིན་ཡིད་ནི་ཇེ་ཆེས་གྱུར།།

ད་ནི་དགེ་སྡུག་སྤང་བླང་ཅི་ནུས་བྱ།།

འཇིག་རྟེན་ཚོར་བ་བདེ་བ་སྣ་ཚོགས་ཀྱང་།།

སེམས་ཅན་གཞན་ལ་བརྩེ་བ་ཟབ་པའི་འབྲས།།

སྐྱེས་བ་དུ་མར་རང་དོན་སྙིང་བཅངས་ཀྱིས།།

ད་ལྟའི་ལུས་སེམས་སྡུག་དང་ལྷན་ཅིག་འགྲོགས།།

རང་ལ་བདེ་སྐྱིད་འདོད་ཚེ་གཞན་ལ་བརྩེ།།

རང་ཉིད་གཅེས་པའི་བློ་ནི་ཅི་ནུས་སྤོང།།

རང་གིས་གཞན་ཕན་བྱ་བ་སྒྲུབ་ནུས་ཚེ།།

རང་ལ་བདེ་སྐྱིད་ཡོང་ཞེས་རྒྱལ་བས་གསུངས།།

བདེ་གཤེགས་རྣམས་ཀྱིས་གཞན་དོན་འབའ་ཞིག་མཛད།།

སོ་སྐྱེས་ཕལ་པས་རང་དོན་ཁོ་ན་བྱས།།

སྐྱོན་དང་ཡོན་ཏན་དབྱེ་བ་རྟོགས་པའི་བློས།།

ལས་འབྲས་རྣམ་གཞག་ཉམས་སུ་ལོངས་དང་ཤེས།།

༢༠༡༠ཟླ་༠༨ཚེས་༡༥ཉིན་འབྲས་སྤུངས་ཚོགས་ཆེན་དུ་དགེ་བཤེས་དམ་བཅའ་འཇོག་སྐབས་

རང་ཤག་ལྔ་རིག་དྲི་བསུང་ཐུལ་བའི་ནོར་བུའི་ལྡིང་ཁང་དུ་ལས་འབྲས་ལ་དད་པ་ཆེན་པོས་བྲིས།