བཀའ་ཁྲི་འོས་མི་གཉིས་ཀྱིས་ལྷན་དུ་གསར་འགོད་གསལ་བསྒྲགས།
དེ་རྗེས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གསུང་དོན། “མང་གཙོ་ཚོགས་པས་མང་གཙོའི་ངོ་བོ་དང་མཐུན་པའི་བློ་བཟང་སེང་གེ་ངེད་གཉིས་འོས་མིར་བཏོན་ནས། ས་གནས་གང་སར་དྲིལ་བསྒྲགས་ཤུགས་ཆེན་པོ་གནང་འདུག མང་ཚོགས་ཀྱིས་བཀའ་ཁྲིའི་འོས་བསྡུར་ཐུགས་སྣང་གནང་བ་དེ་ཡག་པོ་རེད། ༧སྐྱབས་མགོན་རིན་པོ་ཆེས་༡༩༥༩ ལོ་ནས་བོད་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་ལམ་ལུགས་དེ་མི་མང་གིས་མཉམ་དུ་འགན་ཁུར་བ་དང། བོད་པའི་སྤྱི་ཚོགས་དེ་གནས་ཚད་ལྡན་པ་ཞིག་དགོས་ཀྱི་ཡོད་ན་མང་གཙོའི་ལམ་སྲོལ་ཚད་མཐོན་པོ་ཡོང་ཐབས་སུ་སྐུ་ལས་བསྐྱོན་པ་རེད།” ཅེས་བོད་པའི་མང་གཙོའི་ངོ་བོ་ཡར་རྒྱས་འགྲོ་ཡི་ཡོད་པའི་བརྒྱུད་རིམ་གསུངས་པ་དང་སྦྲགས་ཁོང་གིས། “བཀའ་བློན་ཁྲི་པའི་འོས་ཐོབ་ཀྱི་ཡོད་མེད་དང་འཇོན་གྱི་ཡོད་མེད་ལ་མ་ལྟོས་པར། ལས་འགུལ་འདིའི་ནང་གང་ཐུབ་བྱེད་རྒྱུ་དེ་ང་རང་གི་ལས་འགན་དུ་མཐོང་ནས། མང་ཚོགས་ལ་འགྲེལ་བཤད་རྒྱག་རྒྱུའི་གོ་སྐབས་ཡོད་དུས་ཧུར་ཐག་བྱེད་ཀྱི་ཡོད། མང་ཚོགས་ནང་དུ་བགྲོ་གླེང་བྱས། ཕན་ཚུན་དྲི་བ་དྲིས་ལན་བྱེད་དུས་ལས་ཀ་བྱེད་ཕྱོགས་དང་། ལྟ་བ་གང་ཡིན་གསལ་རྟོགས་ཆེད་ཕན་ཐོགས་ཡོང་གི་རེད་”ཅེས་གསུངས་སོང།
བློ་བཟང་སེང་གེ་ལགས་ཀྱིས། “༧གོང་ས་མཆོག་གིས་མང་གཙོ་གསོལ་རས་གནང་བ་དེ་ལོ་ལྔ་བཅུའི་རིང་ཡར་རྒྱས་ཕྱིན་ཡོད་པ་རེད་ལ། ད་ཐེངས་དམིགས་བསལ་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་འཁྲུག་ཏུ་ཕྱིན་པ་དང་། དུས་རབས་ཉེར་གཅིག་པ་དང་མཐུན་པ་ཞིག་རེད། དེ་ཚོ་ཡར་རྒྱས་རེད། རྒྱ་ནག་གཞུང་གིས་རིམ་པས་བཙན་བྱོལ་བོད་གཞུང་དེ་འཐོར་ཞིག་ཏུ་འགྲོ་རྒྱུར་རེ་བ་བྱེད་ཀྱི་ཡོད་པ་རེད་མོད། བཙན་བྱོལ་གཞུང་གི་སྒྲིག་འཛུགས་རྩ་དོན་རྩོད་རྒྱུའི་ཆེད་དུ་མུ་མཐུད་ནས་གནས་རྒྱུའི་གཞི་རྟེན་གཙོ་བོ་མང་གཙོ་བརྟན་པོ་ཞིག་དགོས་པ་རེད། དེ་གནས་ཐུབ་ན་རྒྱ་ནག་གཞུང་གིས་རེ་བ་དང་ཐབས་ཤེས་ལམ་དུ་མི་འགྲོ་བ་དང་། བོད་ནང་གི་རེ་བ་ལ་ང་ཚོའི་རྒྱབ་སྐྱོར་གྱི་རྣམ་པ་གང་ཐུབ་བྱེད་ཆེད་སྒྲིག་འཛུགས་བརྟན་པོ་གནས་དགོས་ཀྱི་རེད། མང་གཙོ་ཟེར་སྐབས་ལྟ་གྲུབ་ཀྱི་ཐོག་ནས་མང་པོ་བཤད་རྒྱུ་ཡོད་པ་རེད་མོད། གཞི་རྩའི་མི་མང་ནང་འཛུལ་ཞུགས་བྱེད་རྒྱུ་དང་། བསམ་ཚུལ་བརྗེ་ལེན་བྱས་ཏེ། མི་མང་ནས་གཞུང་གི་བར་དུ་སྒྲིག་འཛུགས་ཀྱི་རྣམ་པ་དེ་ཚགས་ཚུད་པོ་དགོས་པ་རེད། སྐུ་ངོ་བསྟན་འཛིན་རྣམ་རྒྱལ་ངེད་གཉིས་ཡིན་ནའང་། བགྲོ་གླེང་ཆེད་གང་དུ་ཤོག་བརྗོད་ནའང་བཅར་བ་ཡིན། ཚོགས་པ་མང་པོ་ཞིག་གིས་འོས་མིའི་ནང་བཏོན་ཡོང་སྐབས། འགན་ཞིག་ཡོད་པས། མི་མང་གི་ནང་དང་བགྲོ་གླེང་དེ་ཚོར་འཛུལ་ཞུགས་བྱེད་ཀྱི་ཡོད། ད་དུང་གཞིས་ཆགས་ཁག་ཅིག་གི་ནང་དུ་འགྲོ་རྒྱུའི་འཆར་གཞི་ཡོད། དེ་འདྲ་བྱས་ན་མང་གཙོ་ཡར་རྒྱས་ལ་ཕན་གྱི་རེད་བསམ་གྱི་འདུག དངོས་གཞིའི་འོས་བསྡུའི་ནང་སླེབས་དང་མི་མ་སླེབས་མི་མང་གི་ལག་པར་ཡོད་པ་རེད། མི་མང་གིས་བཀའ་མངགས་ཐོབ་ན། དེའི་སྐབས་ཀྱང་འཛུལ་ཞུགས་བྱེད་རྒྱུ་ཡིན། ཤེས་ཚོད་འཇོན་ཚོད་ཀྱིས་གང་ཐུབ་བྱེད་ཀྱི་ཡིན་”ཞེས་གསུངས་སོང།
གསར་འགོད་པས། བཀའ་ཁྲིར་ལངས་དགོས་པའི་དམིགས་ཡུལ་དང་། བཀའ་ཁྲིའི་འོས་ཐོབ་ན། དམིགས་བསལ་གྱིས་ལས་འཆར་ག་རེ་ཡོད་དང་། གཞན་དང་མ་འདྲ་བའི་ལས་དོན་གཙོ་བོ་ག་རེ་བྱེད་ཐུབ་ཀྱི་རེད་དགོངས་ཀྱི་ཡོད་ཅེས་དྲིས་པར།
བློ་བཟང་སེང་གེས། “བཀའ་བློན་ཁྲི་པར་ལངས་རྒྱུའི་རེ་བ་དེ་དེང་དུས་ཀྱི་འོས་བསྡུའི་ལམ་ལུགས་ཀྱི་འགྲོ་སྟངས་དང་། བོད་པའི་རིག་གཞུང་ཐོག་ནས་ཡ་རབས་བཟང་སྤྱོད་དང་མཐུན་པའི་འགྲོ་སྟངས་དེ་གཉིས་ཀ་མཐུན་པ་ཞིག་ལ་འབད་བརྩོན་བྱེད་ཀྱི་ཡོད། མི་མང་གི་མདུན་དུ་ངས་འཇོན་གྱི་ཡོད། གཞན་པས་འཇོན་གྱི་མ་རེད་ཅེས་བཤད་མི་དགོས་པ་དེ་གཙོ་འདོན་བྱེད་ཀྱི་ཡོད། འོས་མི་ཚོས་གང་ཐུབ་ཅི་ཐུབ་ཀྱིས་མང་གཙོ་གཞི་རྟེན་ཡོང་བ་ལ་གཞིར་བཞག་ནས་ལས་ཀ་བྱས་ན་མང་གཙོ་སྲ་བརྟན་ཡོང་རྒྱུར་ཕན་གྱི་རེད། ཕྱོགས་གཅིག་ནས་མང་གཙོའི་ལམ་ལུགས་ཐོག་ཕྱིན་སྐབས། ངས་བྱེད་ཐུབ་ཀྱི་ཡོད། གཞན་པས་བྱེད་ཐུབ་ཀྱི་མ་རེད་ཅེས་འགྲན་རྩོད་ཀྱི་རྣམ་པའི་ཐོག་ནས་འགྲོ་སྟངས་ཡོད་པ་རེད། ཡིན་ནའང། རྩ་དོན་རྩོད་མཁན་ཞིག་ཡིན་པས། སྒྲིག་འཛུགས་དང་རྩ་དོན་གལ་ཆེ་ཤོས་རེད། མང་གཙོའི་ལམ་ལུགས་ཐོག་ཕྱིན་པ་གང་ཞིག་ལ་རྩ་དོན་རྩོད་རྒྱུའི་སྒྲིག་འཛུགས་ལ་གནོད་པ་བྱུང་ན། གྱོང་རག་གི་རེད། སྒྲིག་འཛུགས་ལ་གནོད་རྒྱུའི་ཉེན་ཁ་ཡོད་པ་རེད། ངས་འདི་ཤེས་ཀྱི་ཡོད། ཁོང་གིས་ཤེས་ཀྱི་མ་རེད་ཅེས་བཤད་འདོད་མེད། ཡིན་ནའང། ནམ་རྒྱུན་ངས་བཀའ་བློན་ཁྲི་པར་ལས་འགན་དོན་ཚན་ལྔ་ཡོད་པ་རེད་བཤད་ཀྱི་ཡོད། དང་པོ་དེ་བོད་གཞིས་ལུས་མི་མང་ཚོ་གཙོ་ཆེ་ཤོས་རེད། དེ་ཚོའི་གནས་སྟངས་ཤེས་དགོས་ཀྱི་རེད་ལ། ང་རང་བོད་ནང་གི་མི་དང་འབྲེལ་བ་ཆེན་པོ་ཡོད་པས་དངོས་ཡོད་གནས་སྟངས་ཕྲན་བུ་ཤེས་ཀྱི་ཡོད་བསམ་གྱི་ཡོད།
གཉིས་པ། རྒྱལ་སྤྱིའི་ཐོག་ཏུ་བོད་དོན་དང་བོད་གཞུང་ཁྱབ་བསྒྲགས་བྱས་ཏེ། དོ་སྣང་ཡོད་པ་ཞིག་བཟོ་ཐུབ་དགོས་པ་རེད། དེའི་ཚོའི་ཤེས་ཚད་ཕུགས་བརྟན་པོ་མེད་ན། སྐྱོན་ཆགས་རྒྱུ་རེད་མོད། རྒྱལ་སྤྱིའི་ཐོག་ཏུ་དེ་སྔ་བར་བོད་དོན་ཁྱབ་བསྒྲགས་ཆེད་དུ་རིམ་པ་མང་པོར་འགྲོ་མྱོང་ཡོད།
གསུམ་པ། རྒྱ་ནག་མི་མང་དང་རྒྱ་གཞུང་གི་འགྲོ་སྟངས་དང་། ཆབ་སྲིད་དང་དཔལ་འབྱོར་གྱི་འགྲོ་སྟངས། འགྱུར་ལྡོག་ག་རེ་འདུག རྒྱ་ནག་མི་མང་གི་བསམ་ཚུལ་ཤེས་དགོས་པ་རེད། ང་ལ་མཚོན་ན་ཨ་རིར་སྡོད་སྐབས་རྒྱ་ནག་གི་མཁས་དབང་སྟོང་ཕྲག་ལ་འབྲེལ་བ་བྱས། བགྲོ་གླེང་བྱས། གདོང་ལེན་བྱས་པ་ཡིན། ཚོགས་འདུ་གཉིས་ཀྱི་ཐོག་ཏུ་༧གོང་མཆོག་ཆིབས་བསྒྱུར་གནང་བ་རེད། དེ་ཚོར་ཉམས་མྱོང་ཕྲན་བུ་ཡོད། བཞི་པ། བཙན་བྱོལ་གཞུང་དང་མི་མང་ཆེ་བ་རྒྱ་གར་དུ་ཡོད་པས། རྒྱ་གར་གཞུང་དང་མི་མང་གལ་ཆེན་པོ་རེད། དེའི་ཐོག་ང་རང་རྒྱ་གར་ནང་གི་སློབ་གྲྭ་ཁག་ལ་སོང་། མཐོ་སློབ་ཏུ་སོང་ཡོད་པས། རྒྱ་གར་གཞུང་གི་འགྲོ་སྟངས་དང་། མི་མང་གི་འགྲོ་སྟངས་ཕྲན་བུ་ཤེས་ཀྱི་ཡོད་ལ། དེ་བཀའ་བློན་ཁྲི་པར་ལངས་མཁན་མང་ཆེ་བས་ཤེས་ཀྱི་ཡོད་པ་གཅིག་པ་རེད།
ལྔ་པ། བཙན་བྱོལ་གཞུང་རེད། དེའི་ཐོག་ཉམས་མྱོང་དགོས་པ་རེད། མང་པོ་ཞིག་གིས་བློ་བཟང་སེང་གེར་བཙན་བྱོལ་གཞུང་གི་མཉམ་མྱོང་ཡོད་པ་མ་རེད་ཅེས་རྒྱབ་ལོག་ཏུ་བཤད་ཀྱི་ཡོད་པ་རེད། དེ་འགྲིག་པ་རེད། ངས་དྷ་རམ་ས་ལར་ཆུ་ཚོད་དགུ་པ་ནས་ལྔ་པ་བར་དུ་ལས་ཀ་བྱེད་མྱོང་ཡོད་པ་མ་རེད། ཡིན་ནའང་དྷ་རམ་ས་ལར་རྒྱུས་ཆ་ཚང་ཡོད་ཞུ་ཡི་ཡོད། ང་རང་སློབ་དཔོན་ཆེན་མོའི་སློབ་ཐོན་གྱི་རྩོམ་ཡིག་དེ། ༡༩༥༩ ལོ་ནས་༢༠༠༤ ལོ་བར་གྱི་བཙན་བྱོལ་གཞུང་གི་ལོ་རྒྱུས་ལ་ཞིབ་འཇུག་ལོ་དྲུག་རིང་བྱས་ནས་བྲིས་པ་རེད། དེ་ཡང་ཟླ་བ་མང་པོའི་རིང་རྒྱ་གར་ནང་ནས་བཙན་བྱོལ་གཞུང་གི་གནད་ཡོད་དང་མི་མང་མང་པོར་སྐད་ཆ་དྲིས། ཞིབ་འཇུག་བྱས་ནས་བྲིས་པ་ཞིག་རེད། དེ་བཞིན་ལོ་རེའི་ནང་ང་རྒྱ་གར་དུ་ཡོང་ནས་ཟླ་བ་ཁ་ཤས་རིང། བདུན་ཕྲག་ཁ་ཤས་རིང་སྡོད་ཀྱི་ཡོད། བོད་གཞུང་དྲིལ་བསྒྲགས་ལས་ཁུངས་དང་གཞུང་འབྲེལ་མ་ཡིན་པ་མང་པོས་ང་སྐད་བཏང་ནས་རྒྱ་གར་ནང་དུ་ཟབ་སྦྱོང་སྤྲོད་དུ་འཇུག་གི་ཡོད་པ་རེད། དེ་ཚོ་ཕྲན་བུ་ཤེས་ཀྱི་ཡོད་ལ། འཇོན་ཚད་ཀྱིས་བྱེད་ཀྱི་ཡིན། དེ་བཞིན་བཀའ་བློན་ཁྲི་པར་བཞེངས་མཁན་ཚང་མས་མཁྱེན་གྱི་ཡོད་པ་རེད་”ཅེས་གསུངས་སོང།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས། “སྤྱིར་བཏང་མང་གཙོའི་སྤྱི་ཚོགས་ནང་སྲིད་བློན་བྱེད་ཀྱི་ཡིན། སྲིད་འཛིན་བྱེད་ཀྱི་ཡིན་ཟེར་མཁན་ཚོས་ཡར་རྒྱས་གཏོང་གི་ཡིན་ཞེས་ཁས་ལེན་མང་པོ་བྱེད་ཀྱི་ཡོད་པ་རེད། འོས་ཐོབ་ན་དེ་བསྒྲུབ་རྒྱུའི་ཆ་རྐྱེན་ཚང་གི་རེད། རྒྱལ་ཁབ་ཀྱི་གནས་སྟངས། དཔལ་འབྱོར་གྱི་སྟོབས་འབྱོར། མང་གཙོ་ཆགས་ནས་རྒྱུན་རིང་པོ་རེད། རྒྱལ་ཁབ་ཀྱི་རྒྱུ་ནོར་བེད་སྤྱོད་གཏོང་རྒྱུ་ཡོད་པ་རེད། ང་ཚོ་གནས་སྟངས་ཀྱི་ཆ་ནས་དེ་ཨེ་ཡོད་ན་བསམ་གྱི་འདུག མང་ཚོགས་ནང་ངས་འདི་བྱེད་ཐུབ་ཅེས་གདེང་ཚོད་ཆེན་པོས་བཤད་ན། དངོས་ཡོད་དང་མི་མཐུན་པའི་ཧམ་བཤད་ཆེ་དྲགས་ན། ཁས་ལེན་མ་འགྲུབ་པ་ཆགས་ཀྱི་རེད། དངོས་ཡོད་གནས་ཚུལ་ཚང་མས་མཁྱེན་དགོས་པ་རེད། མཚམས་མཚམས་སུ་ང་ཚོར་མང་གཙོར་དབྱིངས་འཕར་ཐག་ཆོད་ནས་སྟོབས་འབྱོར་ཡོད་པའི་རྒྱལ་ཁབ་ནང་བཞིན་བྱེད་ཀྱི་ཡིན་ཞེས་བརྗོད་ན། དངོས་ཡོད་དང་མཐུན་གྱི་མ་རེད། ཡིན་ནའང་བཀའ་བློན་ཁྲི་པར་སུ་ཕེབས་ནའང། བོད་ཀྱི་གནས་སྟངས་ལ་ཞིབ་ཚགས་པོའི་གཟིགས་རྒྱུའི་ཆ་རྐྱེན་ཡོད་པ་རེད། ཕྱི་ལོག་ཏུ་ཡོད་པའི་མི་མང་དང་མི་འདྲ་བའི་བོད་ནང་གི་གསང་བའི་གནས་ཚུལ་མཁྱེན་གྱི་རེད། བདེ་སྲུང་ནས་བོད་མིའི་སྤྱི་ཚོགས་ནང་གི་གནས་སྟངས་མཁྱེན་རྒྱུ་རེད། དེ་བཞིན་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་གི་གནས་སྟངས་དངོས་གནས་དེ་ཞིབ་ཚགས་པོ་མཁྱེན་གྱི་རེད། ད་ལྟ་ང་ཚོས་གནས་ཚུལ་གཅིག་གཉིས་ཤེས་ཀྱི་ཡོད་ན། བཀའ་བློན་ཁྲི་པའི་རྐུབ་སྟེགས་ཐོག་ཕེབས་དུས་གནས་ཚུལ་བརྒྱ་ཕྲག་མང་པོ་ཤེས་ཀྱི་རེད། དེ་ཚོ་ཤེས་པའི་ཐོག་ནས་བཀའ་བློན་ཁྲི་པས་ཉམས་ཞིབ་གནང་། མཐུན་འགྱུར་ག་རེ་རག་གི་འདུག རོགས་རམ་ག་རེ་རག་གི་འདུག་དེ་ཚོ་གཞིར་བཞག་ནས་ལས་ཀ་བྱས་ན། བོད་པའི་སྤྱི་ཚོགས་ནང་ཕན་ཐོགས་ཡོད་པའི་ལས་ཀ་མང་པོ་བྱེད་ཐུབ་ཀྱི་རེད། དེ་བཞིན་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་པོ་ཡིན་པས། ༧རྒྱལ་བ་རིན་པོ་ཆེར་སྙན་སེང་ཞུ་རྒྱུའི་གོ་སྐབས་མང་པོ་ཡོད་པ་རེད། མང་ཚོགས་དང་སྤྱི་འཐུས་ལྷན་ཚོགས་ལ་གནས་ཚུལ་ཞུ་རྒྱུའི་གོ་སྐབས་ཡོད་པ་རེད། བོད་ཀྱི་མ་འོངས་ཆབ་སྲིད་ཐོག་ལ་ཕན་ཐོགས་ཡོད་པ་བྱེད་རྒྱུའི་གོ་སྐབས་ཤིག་ཡོད་པ་རེད། ག་ཚོད་བྱེད་ཐུབ་ད་ལྟ་ནས་བཤད་ན། སྔ་དྲགས་ཀྱི་རེད། མཚམས་མཚམས་སུ་གཞུང་གི་ལས་ཀ་དེ་ལས་དོན་ཆུང་ཆུང་ཞིག་ཡིན་ན་དཀའ་ལས་ཁག་པོ་ཡོད་པ་རེད། ཡིན་ནའང་བསྒྲུབ་ཐུབ་ཀྱི་མ་རེད་ཞུ་རྒྱུ་མེད། ལས་དོན་ག་རེ་ཡིན་ནའང་འབད་བརྩོན་བྱས་ན་གྲུབ་འབྲས་ཐོན་རྒྱུ་ཡོད་པ་རེད་ཅེས་གསུངས་སོང།
གསར་འགོད་པས། བཀའ་ཁྲི་ཐོབ་རྗེས་བཀའ་བློན་གཞན་པ་བསྐོ་སྟངས་སྐོར་དྲིས་པར།
བློ་བཟང་སེང་གེས། “གཅིག་སྒྲིལ་གྱི་བཀའ་ཤག་དང་མི་མང་གི་བཀའ་ཤག་གཉིས་ཀ་ཚང་དགོས་པ་རེད། ཤེས་འཇོན་ཡོད་པ་གཞིར་བཞག་གིས་མི་རྒན་པ་ཉམས་མྱོང་ཅན་གསུམ་ཙམ་དང། གཞོན་པ་ཆེད་ལས་པ་བཞི་ཙམ། དེའི་ནང་དུ་བུད་མེད་ཡོད་པ་དང། བོད་ནང་དུ་ཡོང་མཁན་མང་པོ་ཡིན་པས། དེ་འདྲ་ཡོད་པ། དགེ་འདུན་པ་ཡོད་པ། ཆོལ་ཁ་གསུམ་གྱི་མི་ཡོད་པ། བཀའ་ཤག་རྙིང་པའི་ནང་ནས་བཀའ་བློན་ཡོད་པ་དེ་འདྲ་ཞིག་བྱུང་ན། ལས་ཀ་ག་རེ་ཡིན་ནའང་གཅིག་སྒྲིལ་གྱི་རྣམ་པ་ཞིག་ཡོང་གི་རེད། དེ་བཞིན་སྐབས་སྔོན་མའི་བཀའ་བློན་ཚོ་དང། བཀའ་བློན་བགྲེས་པ་དེ་ཚོར་ལས་ཀ་བྱེད་སྐབས་བཀའ་སློབ་ཞུས་ན་ཡག་པོ་ཡོད་པ་རེད་བསམ་གྱི་འདུག གཞི་རྩའི་འགོ་ཁྲིད་དེ་མི་མང་གི་འགོ་ཁྲིད་དེ་འགོ་ཁྲིད་ཡག་པོ་རེད་ཟེར་གྱི་ཡོད་པ་རེད། དེར་བརྟེན་མི་མང་དང་ཉེ་བོ་བྱས་ཏེ། རབས་བྱུང་ན་ལོ་གཅིག་ནང། དེ་མིན་ན་ལོ་གཉིས་ནང་བཀའ་བློན་ཁྲི་པ་གཞིས་ཆགས་ཚང་མའི་ནང་ཐེངས་རེ་ཕེབས་རྒྱུ་གལ་ཆེན་པོ་རེད། མི་མང་དང་བསམ་ཚུལ་བརྗེ་ལེན་བྱས་ཏེ་གནས་ཚུལ་རྟོགས་ན། ཕན་གྱི་རེད། གཞིས་ཆགས་རེ་རེར་གནས་ཚུལ་མི་འདྲ་བ་ཡོད་པ་རེད། ས་གནས་ག་རེ་ལ་དཀའ་ངལ་ག་རེ་འདུག་བལྟས་ནས་འཆར་གཞི་འཐེན་དགོས་པ་རེད། དེ་བཞིན་བཀའ་བློན་གཞན་པ་སོ་སོའི་ལས་གནས་ཐོག་ནས་ག་རེ་བྱེད་དགོས་གཞིས་ཆགས་ཁག་ཏུ་ཕེབས་དགོས་པ་རེད། ལོ་ལྟར་མཇལ་རྒྱུ་ཡོད་པ་དང། མི་མང་ལ་ཉེ་བོ་ཡོད་ན་མི་མང་གི་བཀའ་ཤག་ཅིག་ཡོད་པས། ཕྱི་ནང་གཉིས་ཀ་ལ་ཕན་ཐོགས་ཡོང་གི་རེད་“ཅེས་གསུངས་སོང།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས། དེའི་ཐོག་ངེད་གཉིས་བསམ་ཚུལ་ཅུང་མ་མཐུན་པ་རེད། གཅིག་སྒྲིལ་གྱི་རྣམ་པ་དང་ཆོལ་ཁ་ཆོས་ལུགས་ཀྱི་འགན་དེ་སྤྱི་འཐུས་ལྷན་ཚོགས་ནས་འགྲིག་པ་རེད། བཀའ་བློན་བཀའ་ཡི་བློན་པོ་རེད། ལས་ཀ་བྱེད་དགོས་པ་རེད། ཆོལ་ཁ་ཆོས་ལུགས། སྐྱེ་ཕོ་མོ། རྒན་གཞོན། སྐྱ་སེར་ལ་ཁྱད་པར་མི་འདུག དེ་ཚོ་བྱུང་ན་རབས་རེད། གཙོ་བོ་ལས་ཀ་བྱེད་མཁན། འཕྲོད་བསྟེན་གྱི་ཐོག་དང། ནང་སྲིད་ཀྱི་ཐོག་ལ་ཤེས་མཁན་སུ་འདུག མང་ཆེ་བ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ལས་ཀ་བྱེད་མྱོང་མཁན་དེ་ཚོས་ཤེས་ཀྱི་རེད། ཕྱི་རྒྱལ་ཁག་ལ་ཡོད་པ་རེད། དེ་ཚོ་ཡོང་གི་ཡོད་མེད་མི་ཤེས། དེ་ཚོའི་ནང་ནས་འདེམས་སྒྲུག་དགོས་པ་རེད། དེ་བཞིན་བཀའ་ཁྲི་གཞིས་ཆགས་ཁག་ལ་ཕེབས་ཐུབ་ན་ཡག་པོ་རེད་མོད། དངོས་ཡོད་ཐོག་ནས་ག་འདྲ་ཡོང་གི་འདུག གཞིས་ཆགས་ཁག་ལྔ་བཅུ་ལྷག་ཡོད་པ་རེད། ཞིབ་ཚགས་པོ་བྱས་ན་ལོ་གཅིག་ཆ་ཚང་གཞིས་ཆགས་ཁག་ཏུ་འགོར་འགྲོ་ཡི་རེད། བཀའ་བློན་ཁྲི་པའི་ལས་འགན་གཞིས་ཆགས་གཅིག་པུ་མ་རེད། བོད་ཀྱི་རྩ་དོན་གྱི་ཆེད་དུ་རེད། ནང་སྲིད་བཀའ་བློན་གཞིས་ཆགས་ཁག་ལ་ཕེབས་དགོས་པ་དང། ཤེས་རིགས་བཀའ་བློན་སློབ་གྲྭ་ཆ་ཚང་ནང་ཕེབས་དགོས་པ་རེད། དེ་འདྲ་བྱས་ན་ཡག་པོ་མེད་འགྲོ་”ཞེས་གསུངས་སོང།
སྐབས་དེར་བློ་བཟང་སེང་གེས། “བཀའ་བློན་བསྐོས་པ་ཚང་མ་ཤེས་འཇོན་གཉིས་ལྡན་གཞིར་བཞག་ཡིན། དེ་བཞིན་གཞིས་ཆགས་ཁག་ཏུ་འགྲོ་རྒྱུར་ལོ་གཅིག་འགོར་གྱི་མ་རེད། ཟླ་བ་གཉིས་ནང་འཁོར་གྱི་རེད། ཞིབ་ཕྲ་བཀའ་བློན་གཞན་པས་གནང་གི་རེད་”ཅེས་གསུངས་སྐབས། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས། “གཞུང་གི་འགྲོ་སྟངས་ནང་བཀའ་བློན་དང་དྲུང་ཆེ་ཡོད་པ་རེད། དྲུང་ཆེ་དེ་ཡང་ཡར་མར་ལ་རྒྱུག་མཁན་རེད། བཀའ་བློན་བཀའ་ཡི་བློན་པོ་རེད། རྒྱུག་མཁན་རེད་མ་གཏོགས་ཉམས་བྱས་ནས་སྡོད་མཁན་མ་རེད། གཙོ་བོ་བོད་ཀྱི་རྩ་དོན་རེད། དེ་རྙོག་གྲ་ཚ་བོ་རེད། བཀའ་བློན་ཁྲི་པ་ཡར་མར་གཞིས་ཆགས་སུ་ཕེབས་ན། འཕྲོ་བརླག་རེད་བཤད་ཐུབ་ཀྱི་མ་རེད། མི་མང་གི་དཀའ་ངལ་སེལ་རྒྱུ་རེད་མོད། དེ་གཞན་པས་བྱེད་ཐུབ་པའི་སྒྲོམ་གཞི་ཞིག་ཡོད་པ་རེད་”ཅེས་གསུངས་སོ།།{jcomments on}