བཀའ་ཁྲིའི་འོས་མིའི་བགྲོ་གླེང་ཆེན་མོའི་ཐོག་གི་གཏམ་བཤད།

༧གོང་ས་མཆོག་གིས་མང་གཙོ་གསོལ་རས་གནང་ནས་ལོ་ལྔ་བཅུ་འཁོར་གྱི་ཡོད་པ་རེད། གཞུང་མང་གཉིས་ནས་རྒྱ་གར་ལྷོ་ཕྱོགས་སུ་དུས་ཆེན་ཁག་མང་པོ་སྲུང་བརྩི་བྱས་པ་རེད། ཡིན་ནའང་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་མ་བླུགས་སྔོན་ནས་བཀའ་བློན་ཁྲི་པར་ལངས་མཁན་གྱི་བར་ལ་བགྲོ་གླེང་བྱུང་མྱོང་ཡོད་པ་མ་རེད། ད་ཐེངས་བགྲོ་གླེང་མང་པོ་བྱུང་བ་རེད། བཞུགས་སྒར་དྷ་སར་ཐོག་མ་ཡིན་པས་ལོ་རྒྱུས་ལྡན་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་བཞིན་པེ་ཅིང་དུ་ཧུའུ་ཅིན་ཐའོ་དང། རྒྱ་ནག་གཞུང་ལ་བརྡ་གསལ་པོ་ཞིག་གཏོང་གི་ཡོད་པ་རེད། ཁོང་ཚོས་བོད་ཀྱི་མི་རྒན་པ་ཚོ་རྫོགས་ཡོང་དུས་ང་ཚོའི་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་དེ་མེད་པ་ཆགས་འགྲོ་ཡི་རེད་ཅེས་རྩིས་ཤིག་རྒྱག་གི་ཡོད་པ་རེད། མི་རབས་རྒན་པ་རྫོགས་ན་འང། མི་རབས་རྗེས་མས་མི་ཐོག་རྒན་པས་དཀའ་ལས་བརྒྱབ་པའི་འབྲས་བུ་བཙན་བྱོལ་གཞུང་གི་སྒྲིག་འཛུགས་འདི་མུ་མཐུད་གནས་ཀྱི་རེད་ཅེས་པེ་ཅིང་དུ་བརྡ་གཅིག་གཏོང་གི་ཡོད་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་གི་གཞིས་ལུས་མི་མང་ལ་འདི་མང་གཙོ་མ་རེད། སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་གི་ཡོད་པ་རེད་ཅེས་མགོ་སྐོར་གཏོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། ད་ཐེངས་ཀྱི་བགྲོ་གླེང་འདིར་ང་ལྟ་བུའི་གཞིས་ཆགས་སུ་འཚར་ལོངས་བྱུང་མཁན་ཞིག་བཀའ་བློན་ཁྲི་པར་ལངས་ཆོག་པ་འདིས། ང་ཚོའི་བོད་མིའི་གཏམ་དཔེ་བཞིན་ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་པ་ལྟར། དེ་རིང་ཨ་མའི་བུ་ལ་ཡོན་ཏན་ཡོད་ན། བཀའ་བློན་ཁྲི་པར་བདག་པོ་མེད་ཅེས་བོད་ལ་བརྡ་ཞིག་གཏོང་གི་ཡོད་པ་རེད། དེ་རིམ་པས་བོད་ནང་གི་གཞིས་ལུས་མི་མང་གིས་གོ་ཡི་རེད། གོ་དུས་རེ་བ་ཞིག་དང། སྤོབས་པ་ཞིག་སླེབས་ཀྱི་རེད། བོད་ནང་དུ་ད་ལྟའི་མི་སེར་སྤེལ་བའི་ལམ་ལུགས་ཀྱི་སྒྲིག་འཛུགས་ལས་༧གོང་ས་མཆོག་གིས་གནང་བའི་བཙན་བྱོལ་ནང་གི་མང་གཙོ་ཡང་དག་པ་དེ་ང་ཚོར་དགོས་ཀྱི་འདུག དེ་ཡག་པོ་འདུག་ཅེས་སེམས་ཤུགས་དང་སྤོབས་པ་སྐྱེ་ཡི་རེད། དེ་འདྲ་བྱུང་ན་ལོ་ངོ་ལྔ་བཅུའི་རིང་དཀའ་ལས་བརྒྱབ་པ་དེར་འབྲས་བུ་ཞིག་སྨིན་པ་རེད་བསམ་གྱི་འདུག
debate_peapelདེ་ནས་བཀའ་བློན་ཁྲི་པ་ཐོབ་ན་ག་རེ་བྱེད་ཀྱི་རེད་ཅེས་པའི་དྲི་བ་རེད། གཞི་རིམ་གྱི་ལྟ་གྲུབ་གསུམ་དགོས་པ་རེད། གཅིག གཅིག་སྒྲིལ། གཉིས་གསར་གཏོད། གསུམ། རང་འགོ་རང་ཐོན་དགོས་པ་རེད། གཅིག་སྒྲིལ་ཟེར་བ་ཆོལ་ཁ་དབྱེར་མེད། ཆོས་ལུགས་རིས་མེད། ཕོ་མོ་འདྲ་མཉམ་དགོས་པ་རེད། ང་ཚོ་བཙན་བྱོལ་བ་དང་པོ་མ་རེད། མཐའ་མ་མ་རེད། དཔེ་ཡག་ཕྱོགས་ལ་ལྟ་ས་ཡོད་པ་རེད། དཔེ་སྡུག་ས་ལ་ལྟ་ས་ཡོད་པ་རེད། གང་གི་ཕྱོགས་ལ་འགྲོ་ང་ཚོའི་ལག་པར་ཡོད་པ་རེད། དཔེ་ཡག་པོ་ལ་བལྟས་ན། མི་རིགས་དཀར་པོ་མང་བའི་རྒྱལ་ཁབ་ཨ་རིའི་ནང་མི་རིགས་ནག་པོ་སྲིད་འཛིན་དུ་བདམས་པ་རེད། ཧིན་དྷི་མང་བའི་རྒྱ་གར་ལྟ་བུས་མི་རིགས་ཉུང་བ་པཱན་ཅ་པེ་ཆོས་ལུགས་བྱེད་མཁན་སྲིད་བློན་དུ་བདམས་ཡོད་པ་རེད། པཱ་ལི་སི་ཐན་ལ་གཟིགས་ན། དམག་འཛིངས་ནས་མི་གསོད་ཁྲག་སྦྱོར་བྱེད་ཀྱི་ཡོད་པ་རེད།  ཡུ་གོ་སི་ལཱ་ཝི་ཡའི་ནང་སོ་སོའི་ཆོལ་ཁའི་ཞེན་ཁོག་བྱས་ནས་རྒྱལ་ཁབ་མེད་པ་མ་ཆགས་པ་རེད། དུས་རབས་ཉེར་གཅིག་ནང་ཆོས་ལུགས་ཀྱི་ཞེན་ཁོག་དང། ཕོ་མོ་དབྱེ་འབྱེད་བྱས་ན་དུས་རབས་བཅུ་དགུ་པར་མར་འགྲོ་བ་ལས་ཉེར་གཅིག་པར་སླེབས་ཀྱི་ཡོད་པ་མ་རེད། དེར་བརྟེན་གཅིག་སྒྲིལ་དགོས་པ་རེད།
གསར་གཏོད་ཟེར་ན། ད་ལྟ་བར་ལོ་ལྔ་བཅུའི་བཙན་བྱོལ་གཞུང་གིས་ལས་འགུལ་མང་པོ་སྤེལ་ཡོད་པ་རེད། ལམ་དུ་སོང་ཡོད་པ་རེད། དེ་ཚོ་མུ་མཐུད་གནས་དགོས་པ་རེད། ཡར་རྒྱས་དགོས་པ་རེད། ཡིན་ནང་བཀའ་ཤག་ལ་བསྐྱར་ཞིབ་བྱེད་སྐབས། ལྷག་སོང་བ་ཆད་སོང་བ་ཡོད་ན། གསར་གཏོད་ཀྱི་ཐོག་ནས་དེང་དུས་དང་མཐུན་པའི་གོ་སྐབས་བཟུང་ནས་ཡར་རྒྱས་གཏོང་དགོས་པ་རེད།
རང་འགོ་རང་ཐོན་ཟེར་ན། ལོ་ལྔ་བཅུའི་རིང་ང་ཚོ་ཕྱི་ལ་བརྟེན་པ་རེད། དང་ཐོག་ང་ཚོའི་སྤོ་ལགས་རྨོ་ལགས་འདིར་འབྱོར་སྐབས་ཁག་ཡོད་པ་མ་རེད། ལོ་ལྔ་བཅུའི་རྗེས་ལ་ང་ཚོས་རྒྱ་གར་སྐད་ཤེས་ཀྱི་མེད། འཛམ་གླིང་གི་འགྲོ་སྟངས་ཤེས་ཀྱི་མེད་བཤད་རྒྱུའི་དུས་ཚོད་ཡོལ་ཚར་བ་རེད། ད་ལྟ་རང་མགོ་རང་ཐོན་གྱི་ཐོག་ལ་འགྲོ་དགོས་པ་རེད་མ་གཏོགས། ཉིན་གཅིག་རོགས་རམ་ཆད་ནས་སྦོ་ལུགས་སོང་ན། མི་ཐོག་སྔོན་མས་དཀའ་ལས་བརྒྱབ་པ་དང་གཞིས་ལུས་མི་མང་གིས་རེ་བ་བྱས་པ་རྩ་མེད་དུ་ཕྱིན་ནས། ང་ཚོའི་རྩ་དོན་བརླག་རྒྱུའི་ཉེན་ཁ་ཡོད་པ་རེད། བཀའ་བློན་ཁྲི་པར་སུ་ཐོབ་ནའང་དེ་ཚོ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་སོང་།

debate_penbtserin1སྤེན་པ་ཚེ་རིང་གིས། ང་བཀའ་བློན་ཁྲི་པའི་འོས་གཞིའི་ནང་དུ་ལངས་པ་རེད། དེའི་འགན་ཁུར་རྒྱུར་ལས་དབང་ཞིག་དགོས་པ་རེད། གོ་སྐབས་བྱུང་ན། སྔོན་མ་ནས་བོད་པའི་རྩ་དོན་ཆེད་རང་ནུས་གང་ཡོད་འདོན་རྒྱུར་སོ་སོར་དམ་བཅའ་ཡོད་པ་བཞིན་ད་ལྟ་ལངས་དགོས་པའི་རྒྱུ་མཚན་ཡང་དེ་ཡིན། ང་ཚོ་བགྲོ་གླེང་ཤུགས་ཆེན་པོ་བྱུང་བ་རེད་མོད། བཀའ་བློན་ཁྲི་པས་ག་རེ་བྱེད་ཀྱི་ཡིན་ཞེས་པའི་ཐོག་ཤུགས་ཆེན་པོ་བཤད་མི་ཐུབ་པའི་གནས་སྟངས་ཤིག་རེད། ཡིན་ནའང་ངས་ད་ལྟའི་བཀའ་ཤག་གི་སྲིད་ཇུས་མང་ཆེ་བ་རྒྱུན་སྐྱོང་དགོས་པ་གལ་ཆེན་པོར་བརྩི་ཡི་ཡོད། དང་པོ་དེ་༧གོང་ས་མཆོག་གི་དགོངས་གཞི་ག་རེ་ཡོད་པ། ཆབ་སྲིད་གཅིག་པུ་མ་རེད། དུས་རྒྱུན་བཀའ་སློབ་རྒྱ་ཆེན་པོ་མང་པོ་གནང་གི་ཡོད་པ་རེད། དེ་བསྒྲུབ་ཐབས་སུ་འབད་བརྩོན་མཐའ་ཅིག་ཏུ་བྱེད་ཀྱི་ཡིན། གཉིས་པ་དེ། བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་ལ་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་རྒྱུན་སྐྱོང་དགོས་པ་གནད་འགག་ཆེན་པོར་མཐོང་གི་ཡོད། རྩ་བའི་བཀའ་བློན་ཁྲི་པ་གཅིག་པས་འགྱུར་བ་གཏོང་ཐུབ་པ་ཞིག་ཡོད་པ་མ་རེད། གཙོ་བོ་༧གོང་ས་མཆོག་གི་དགོངས་གཞི་དང་བསྟུན་དགོས་པ་རེད། དེ་བོད་རྒྱ་ཞི་མོལ་ཚོགས་ཆུང་ཡོད་པ་རེད། གཞན་མཁས་དབང་མང་པོར་འབྲེལ་བ་དགོས་པ་རེད། དེ་ཚོའི་ཐོག་མུ་མཐུད་མདུན་བསྐྱོད་ཆེད་དུ་ནུས་པ་འདོན་དགོས་པ་རེད། གསུམ་པ། བུད་མེད་ཀྱི་ནུས་ཤུགས་སྐོར་བཤད་ཀྱི་ཡོད་པ་རེད། བཀའ་ཤག་ནང་དུ་བུད་མེད་གསུམ་བསྐོ་དགོས་ཀྱི་འདུག བུ་མེད་ནུས་ཤུགས་ཀྱི་སྐད་ཆ་ག་ཚོད་བཤད་ནའང། དབང་ཆ་ཡོད་སར་མ་སླེབས་ན། གང་ཡང་བྱེད་ཐབས་མེད་པས། དེ་གནད་འགག་ཆེན་པོར་བརྩི་ཡི་ཡོད། བཀའ་ཤག་གི་སྲིད་ཇུས་ག་རེ་ཡིན་ནའང། དེ་སྒྲུབ་མཁན་ལས་བྱེད་ཚོ་རེད། ཁོང་ཚོའི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་དང། ཁོང་ཚོར་རྣམ་དཔྱོད་ཀྱི་རྩལ་འདོན་རྒྱུའི་གོ་སྐབས་སྤྲོད་རྒྱུ་གལ་གནད་ཆེན་པོར་བརྩི་ཡི་ཡོད།
དེ་ནས་གཞུང་དང་མི་མང་བར་གྱི་འབྲེལ་བ་དམ་ཟམ་དགོས་པ་རེད། མི་མང་གི་བསམ་ཚུལ་ལ་གཞུང་གིས་ཉན་དགོས་པ་དང། གཞུང་གི་ལས་ཀ་མི་མང་ནང་ངོ་འཕྲོད་ཐུབ་པ་བྱས་ཏེ། འབྲེལ་ལམ་དམ་ཟབ་དགོས་པ་རེད། ༢༠༠༤ ལོ་མང་གཙོ་གོང་འཕེལ་ཆེ་ང་གཞིས་ཆགས་མང་པོའི་ནང་དུ་ཕྱིན་པ་ཡིན། ཉེ་བའི་ཆར་ཕྱི་རྒྱལ་ཁག་ཏུ་སོང་ནས་བོད་རིགས་ཚོགས་པ་ཚོའི་གནས་སྟངས་ཤེས་ཀྱི་ཡོད། དེའི་ཐོག་ལས་ཀ་བྱེད་ཐུབ་པའི་སྤོབས་པ་ཡོད། གཞིས་ཆགས་སྲ་བརྟན་ལ་ད་ལྟ་བཀའ་ཤག་གིས་ཉམས་ཞིབ་བྱས་ཡོད་པ་རེད། དེའི་གྲུབ་འབྲས་ལ་བལྟས་ནས་མ་འོངས་པར་ག་རེ་བྱེད་དགོས་གསལ་པོ་དགོས་པ་རེད། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ། ལྷག་པར་དུ་བོད་ནང་དུ་ཆབ་སྲིད་དང་ཐད་ཀར་འབྲེལ་བ་མེད་པའི་མི་མང་གི་དཀའ་ངལ་སེལ་ཐབས་སུ་ལས་གཞི་མང་པོ་ཞིག་བསམ་བློར་འཁོར་གྱི་འདུག བཀའ་བློན་ཁྲི་པའི་འགན་སླེབས་ན་དེ་ལས་ལྷག་ཅིག་བྱེད་ཐུབ་ཀྱི་རེད་བསམ་པའི་སྤོབས་པ་ཞིག་འདུག བོད་ཕྱི་ནང་གཉིས་ཀྱི་འབྲེལ་བ་ཡག་ཏུ་གཏོང་རྒྱུ་དང་ནུས་པ་མཉམ་དུ་བསྒྲིལ་ཐུབ་ཆེད་ཐབས་ལམ་འཚོལ་རྒྱུའི་བསམ་བློ་ཡོད། དེ་བཞིན་ཆོས་དོན་ལྷན་ཚོགས་ནས་རྒྱ་ནག་གིས་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ལ་ཁ་གཏད་གཅོག་རྒྱུའིི་ཁྲིམས་ཡིག་ཅིག་བཟོས་ཡོད་པ་རེད་མོད། མུ་མཐུད་ཆོས་དོན་ལྷན་ཚོགས་བཙུགས་མ་ཐུབ་པ་དེར་འབད་བརྩོན་བྱེད་རྒྱུ། དཔལ་འབྱོར་འདུ་འགོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་དང། དོན་གཅོད་ཁག་དུ་དམིགས་སུ་བཀལ་ནས་དཔལ་འབྱོར་འདུ་འགོད་ཀྱི་ལས་བྱེད་བསྐོ་རྒྱུ། བོད་ནས་གསར་དུ་ཕེབས་པ་དང། བཙན་བྱོལ་གཞིས་ཆགས་ཁག་གི་ཉམ་ཐག་གི་དཀའ་ངལ་སེལ་ཐབས། འདས་པའི་ཉམས་མྱོང་གཞི་རྩར་བཞག་ནས་ལས་ཀ་བྱེད་ཐུབ་ཀྱི་རེད་བསམ་པའི་གདེང་ཚོད་ཡོད་པས་བཀའ་བློན་ཁྲི་པར་ལངས་ཀྱི་ཡོད་ཅེས་གསུངས་སོང་།

debate_tethong1བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས། མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་བོད་པའི་སྤྱི་དོན་ཆེད་དུ་ང་ཚོ་དེ་རིང་འདིར་འཛོམས་པ་རེད། འདི་ལོར་བཞུགས་སྒར་དྷ་སས་མ་ཚད། ས་གནས་མང་པོ་ཞིག་ཏུ་བགྲོ་གླེང་ཡོང་གི་ཡོད་པ་དེ་རྩ་ཆེན་པོ་རེད། ང་ཚོས་བོད་ཀྱི་རྩ་དོན་དོན་ཆེད་དུ་མང་གཙོའི་ལམ་སྲོལ་བྱེད་ཀྱི་ཡོད་པ་རེད། དེ་རྒྱལ་རབས་ལོ་རྒྱུས་ནང་འཁོད་རྒྱུ་དང་མ་འོངས་བོད་ཀྱི་གནད་དོན་དང་འབྲེལ་བའི་ལས་འགུལ་ཞིག་རེད། མང་ཆེ་བས་བཀའ་ཁྲིའི་ཐོག་ཏུ་ཐུགས་སྣང་གནང་གི་འདུག་མོད། བོད་མི་མང་གི་འཐུས་མིའི་འོས་འདེམས་ཡང་རྩ་ཆེན་པོ་དང་གནད་འགག་ཆེན་པོ་རེད། ང་ཚོ་བཙན་བྱོལ་དུ་སླེབས་ནས་ལོ་ལྔ་བཅུ་འགྲོ་ཡི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེས་སྐུ་ལས་བསྐྱོན་གྱི་ཡོད་པ་རེད། བྱུང་ན་བོད་མི་ཚང་མར་རང་དབང་རང་བཙན་དགོས་པ་རེད། རྒྱ་མི་བོད་ནས་འགྲོ་དགོས་པ་དང། སྤྱི་ཚོགས་ཚད་ལྡན་ཞིག་ཆགས་དགོས་པ་རེད་མོད། ང་ཚོའི་ནུས་པས་མ་འདང་ནའང་རེད། བྱེད་ཐུབ་ཡོད་པ་མ་རེད། ང་ཚོ་བཙན་བྱོལ་ལ་སླེབས་ནས་ཞི་བའི་ཐོག་རིག་གཞུང་སྲུང་སྐྱོབ་དང། བཙན་བྱོལ་སྒྲིག་འཛུགས་བཙུགས་ཐུབ་པ་དང། ཤེས་རིགས། འཕྲོད་བསྟེན་སོགས་མང་པོས་ཐོག་ནས་ལས་འགུལ་སྤེལ་ཏེ་ང་ཚོས་རྩོད་ལེན་བྱེད་ཀྱི་ཡོད་པ་རེད། འཚེ་མེད་ཞི་བའི་ཐོག་ནས་ང་ཚོས་རྩོད་ལེན་བྱེད་ཀྱི་ཡོད་པ་འདི་ལ་རིན་ཐང་ཡོད་པ་རེད། དེ་ལས་མང་གཙོའི་ལམ་སྲོལ་ཐོག་ནས་བྱེད་ཐུབ་ན་རིན་ཐང་ཆེ་རུ་འགྲོ་ཡི་རེད། བོད་མི་མང་པོ་ལུང་པ་མང་པོའི་ནང་བཀྲམ་བསྡད་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་འོག་མང་གཙོ་ཚད་ལྡན་ཡོང་ཐུབ་པ་དང། མི་མང་གིས་བདམས་པ་ཙམ་མ་ཡིན་པར། སྤྱི་པའི་སྒྲིག་འཛུགས་དེ་མི་མང་གིས་འགན་ཁུར་ཐུབ་པ་ཞིག་དགོས་པ་རེད། ང་ཚོས་ཚད་ལྡན་ཞིག་བྱེད་ཐུབ་ན། བཙན་བྱོལ་མི་མང་ག་འདྲ་འདུག འཛམ་བུ་གླིང་གིས་བལྟས་བསྡད་ཡོད་པ་རེད། ཁྲིམས་ལྡན་གྱི་མང་གཙོ་ཞིག་བྱེད་ཐུབ་ན། བོད་མི་ཚོར་རང་དབང་དང་ཐོབ་ཐང་འདུག བོད་པར་རང་དབང་རག་ན་ཁོ་རང་ཚོས་སྲུང་བརྩི་བྱེད་ཐུབ་ཀྱི་འདུག་ཟེར་བ་ཞིག་བྱུང་ན་དེ་གནད་འགག་གཅིག་རེད། གལ་ཆེ་ཤོས་ལན་དེ་རྒྱ་ནག་ལ་སྤྲད་ཐུབ་ཀྱི་ཡོད་པ་རེད། རྒྱ་ནག་གིས་ལོ་ལྔ་བཅུའི་རིང་བོད་ནང་ཡར་རྒྱས་བཏང་ཡོད་ཅེས་བརྗོད་ནའང། ད་དུང་བོད་མི་ཞིག་ལ་དབང་ཆ་སྤྲད་ཐུབ་ཀྱི་ཡོད་པ་མ་རེད། བཙན་བྱོལ་ནང་ལ་ཡོད་མཁན་ཚོ་གཅིག་པུས་བགྲོ་གླེང་དང་འོས་བླུགས་ཐུབ་ཀྱི་ཡོད་པ་རེད། གལ་ཆེ་ཤོས་རིམ་པས་མང་གཙོ་ཡར་རྒྱས་སོང་དུས་མ་འོངས་བོད་ཀྱི་སྤྱི་ཚོགས་དེ་ག་འདྲ་ཡིན་མིན་གྱི་ཐོག་ཏུ་འགྲོ་ཡི་ཡོད་པ་རེད། རྩ་བའི་བོད་དེ་ཆོས་དང་རིག་གཞུང་གི་ལས་དོན་མང་པོ་ཡོད་པ་རེད་མོད། ཆ་ཤས་གཅིག་ཆབ་སྲིད་ཀྱི་ལས་དོན་རེད། དེའི་ཐོག་ཚང་མས་ཐུགས་སྣང་བར་ཐུགས་རྗེ་ཆེ།
བཀའ་བློན་ཁྲི་པས་ག་རེ་བྱེད་ཐུབ་ཀྱི་རེད་ཟེར་དུས། བཀའ་བློན་ཁྲི་པའི་ནང་མི་མང་པོ་ཞིག་གི་མིང་སླེབས་ཀྱི་ཡོད་པ་རེད་མོད། ངས་འཇོན་གྱི་འདུག ཡག་ཤོས་ང་རེད་ཅེས་སུ་གཅིག་ལ་བཤད་ཐུབ་ཀྱི་མི་འདུག བཤད་རྒྱུའི་སྤོབས་པ་ཡང་མི་འདུག ང་ཡིན་ནའང། སྤྱི་ཚོགས་ནང་ལོ་ཆུང་དུས་ནས་ཞབས་ཕྱི་ཞུས་པ་རེད། ཕན་ཐོགས་ཕྲན་བུ་བྱུང་ཡོད་པ་རེད། ད་ཐེངས་ཡང་ཚོགས་པ་ཁག་དང་མི་སྒེར་པ་དེ་འདྲས་བཀའ་བློན་ཁྲི་པའི་འོས་མིའི་ནང་བསྡད་ན་ཡག་པོ་འདུག་ཟེར་གྱི་འདུག དེར་བརྟེན་ང་རང་བགྲོ་གླེང་ནང་གང་ཐུབ་བཅར་གྱི་ཡོད་ལ། ལས་འགན་དེ་གལ་ཆེན་པོར་བརྩིས་ནས་འབད་བརྩོན་བྱེད་ཀྱི་ཡོད། བཀའ་བློན་ཁྲི་པ་སུ་ཕེབས་ནའང་བོད་གཞུང་གི་སྲིད་ཇུས་ལམ་སེང་བསྒྱུར་རྒྱུ་ཡོད་པ་མ་རེད། གཙོ་བོ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧རྒྱལ་བ་རིན་པོ་ཆེ་དབུ་ལ་བཞུགས་ཡོད་པས་ལམ་སྟོན་གནང་གི་རེད། བོད་རྒྱལ་ཁབ་དང་མི་མང་གི་ཆེད་༧རྒྱལ་བ་རིན་པོ་ཆེས་དགོངས་འཆར་གནང་བར་ང་ཚོས་བརྩི་བཀུར་ཞུས་པ་དང་ཆབས་ཅིག་ང་ཚོས་ལས་འགུལ་སྤེལ་གྱི་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ནས་བོད་ཀྱི་རྩ་དོན་བསྒྲུབ་ཆེད་༧རྒྱལ་བ་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད། མང་གཙོའི་ལམ་སྲོལ་ནང་འགྲོ་ཡི་ཡོད་པས། མི་མང་གི་བསམ་ཚུལ་སྤྱི་འཐུས་ལྷན་ཚོགས་བརྒྱུད་ནས་ཡོང་དགོས་པ་རེད། དེར་བརྟེན། མི་མང་གི་བསམ་ཚུལ་ལ་ལྟ་དགོས་པ་རེེད། བཀའ་བློན་ཁྲི་པས་ཡར་༧རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་རེད་ཅེས་ལས་འགན་མ་ཁུར། མར་མི་མང་གི་བསམ་ཚུལ་རེད་ཅེས་བར་དུ་མཁས་པོ་བྱས་ནས་སྡོད་ས་ཞིག་ཡོད་པ་རེད། བཀའ་བློན་ཁྲི་པའི་ལས་འགན་སླེབས་དུས་བོད་ཕྱི་ནང་གཉིས་ནས་གནས་ཚུལ་མང་པོ་མཁྱེན་གྱི་རེད། བོད་གཞུང་དང་མི་མང་གི་འཇོན་ཚོད་དཔག་ཚོད་ཀྱིས་གནས་སྟངས་ག་འདྲ་ཡིན་མཁྱེན་གྱི་རེད། ཡར་༧རྒྱལ་བ་རིན་པོ་ཆེར་སྙན་སེང་ཞུ་རྒྱུའི་འགན་ཞིག་ཡོད་པ་རེད། མི་མང་ལ་གནས་ཚུལ་ཞུ་རྒྱུའི་འགན་ཞིག་ཡོད་པ་རེད། ང་ཚོ་མང་གཙོའི་ལམ་སྲོལ་དུ་འགྲོ་ཡི་ཡོད་པ་རེད་མོད། རྒྱལ་ཁབ་ཡོད་པ་ནང་བཞིན་འདི་བྱེད་ཀྱི་ཡིན། ཕ་གི་བྱེད་ཀྱི་ཡིན་ཞེས་བརྗོད་ན་ལན་པོ་ཡོད་པ་མ་རེད། རྒྱལ་ཁབ་གཞན་པར་མཐུན་རྐྱེན་མང་པོ་ཡོད་པ་རེད། ཁས་ལེན་བྱས་པ་ཁག་ཅིག་བསྒྲུབ་ཐུབ་ཀྱི་རེད། ཡིན་ནའང་ང་ཚོའི་བཀའ་བློན་ཁྲི་པས་ཁས་ལེན་མང་པོ་བྱས་ན། ཅིག་བྱས་ན་བསྒྲུབ་ཐུབ་ཀྱི་མ་རེད། དངོས་ཡོད་ཀྱི་གནས་ཚུལ་མཁྱེན་དགོས་པ་རེད། གཙོ་བོ་བཀའ་བློན་ཁྲི་པའི་ལས་འགན་དེ་བོད་ཀྱི་རྩ་དོན་བསྒྲུབ་རྒྱུ་ཐུགས་འགན་ཆེ་ཤོས་རེད་ཅེས་གསུངས་སོང་།

debate_dolma1རྒྱ་རི་སྒྲོལ་མས། དུས་ཀྱི་འགྱུར་བ་སོང་ནས། ང་ཚོའི་མང་གཙོ་ལོ་ལྔ་བཅུ་ལོན་གྱི་ཡོད་པ་རེད། རྒྱལ་ཁབ་གཞན་གྱི་ཆབ་སྲིད་པ་ནང་བཞིན་མི་མང་མགོ་སྐོར་གཏོང་རྒྱུ་དེ་འདྲ་གནང་གི་མ་རེད་བསམ་གྱི་འདུག དེ་གནང་ན་ཡང་ལས་རྒྱུ་འབྲས་ཐོག་ལ་འགྲོ་ཡི་མ་རེད། ཡིན་ནའང་ལས་འགན་ཁུར་རྒྱུ་ཡིན་ཞེས་མི་ཞིག་མདུན་དུ་ཡོང་ན། དེས་ལས་འགན་འདི་འདྲ་ཞིག་བྱེད་ཀྱི་ཡིན་ཞེས་ཞུ་ཐུབ་དགོས་པ་རེད། ངའི་ལངས་ཕྱོགས་དང་བསམ་ཚུལ་ག་རེ་ཡིན་པ་དུས་རྒྱུན་སྤྱི་ཚོགས་ནང་བཤད་བསྡད་ཡོད་པ་རེད། སྤྱི་ཚོགས་ཀྱི་ནང་འགྱུར་བ་དང་ཡར་རྒྱས་དགོས་སར་འབད་བརྩོན་འདི་འདྲ་ཞིག་དགོས་ཀྱི་འདུག་བསམ་ནས་གོ་སྐབས་འདི་རག་ན་རང་གིས་འབད་བརྩོན་དང་ཐབས་ཤེས་བྱེད་དགོས་བསམ་པའི་སྙིང་སྟོབས་ཤིག་ཁུར་ནས་འདིར་ཡོང་བ་ཡིན། བཀའ་ཤག་གི་སྲིད་ཇུས་གསར་པ་གྲོས་ཚོགས་ནང་ཁྱེར་ཡོང་ནས། གྲོས་ཚོགས་ནང་གཏན་འབེབས་ཚར་བའི་བོད་གཞུང་གི་སྲིད་ཇུས་རེད། དེ་ཚོ་གྲོས་ཚོས་ནང་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ཚར་མར་ད་ལྟ་རིང་འགྱུར་བ་གཏོང་དགོས་པ་རེད་བསམ་པ་མེད། ཡིན་ནའང་སྲིད་ཇུས་ག་རེ་ཡིན་ནའང། དུས་ལ་བབས་འདུག་གམ། དགོས་འདུན་བསྒྲུབ་ཐུབ་ཀྱི་འདུག་གམ། དེ་ཚོར་བལྟས་ནས་འགྱུར་བ་གཏོང་དགོས་རིགས་ལ་ངེས་པར་དུ་གཏོང་དགོས་པ་རེད་མ་གཏོགས། གཏན་འབེབས་བྱས་ཚར་པ་རྒྱུ་མཚན་བྱས་ནས། མུ་མཐུད་གནས་དགོས་པའི་བསམ་ཚུལ་མེད། བཙན་བྱོལ་གཞུང་གི་ལས་འགན་གཙོ་བོ་བཅའ་ཁྲིམས་རིན་པོ་ཆེའི་ནང་དུ་འཁོད་ཡོད་པ་རེད། བོད་ཀྱི་ཆབ་སྲིད་གནད་དོན་དང་བོད་ཀྱི་བདེན་མཐའ་གསལ་ཐབས་བྱེད་རྒྱུ་གཙོ་བོ་རེད། བོད་ནང་གི་གཞིས་ལུས་མི་མང་དཀའ་ངལ་དང་སྡུག་བསྔལ་འོག་ནས་སྐྱོབ་ཐུབ་ཐབས་དེ་ལས་འགན་གཅིག་རེད། གཉིས་པ་དེ་བཙན་བྱོལ་ནང་མི་མང་གི་བདེ་སྡུག་ལ་གཟིགས་ཐུབ་ཐབས་དེ་རེད། ཆབ་སྲིད་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་སུ་ད་ལྟ་ཡོད་པའི་༧གོང་ས་མཆོག་གི་དགོངས་གཞི་ལས་ལྷག་ཅིག་ངས་བྱེད་ཐུབ་པ་མེད། སོ་སོས་ལྷག་བསམ་རྣམ་དག་གིས་༧གོང་ས་མཆོག་གི་དགོངས་གཞི་བཞིན་བྱེད་ཐུབ་པའི་ལས་ཀ་བྱེད་ཀྱི་ཡིན། དེ་ངས་ཧམ་བཤད་མིན། ད་ལྟ་བར་དུ་བྱས་པ་ཡིན། མ་འོངས་པར་ཡང་བྱེད་ཐུབ་པའི་གདེང་ཚོད་ཡོད། ཡིན་ནའང་ལས་ཀ་བྱེད་མཁན་ལ་འགྱུར་བ་ཕྱིན་པའི་སྐབས། བྱེད་སྟངས་ལ་འགྱུར་བ་ཏོག་ཙམ་རེ་འགྲོ་ཡི་རེད། ང་ལ་མཚོན་ན་བཙན་བྱོལ་ནང་དུ་སྐྱེས་པ་དང། བོད་གཞུང་སློབ་གྲྭ་ལ་སོང། རིམ་པས་སློབ་སྦྱོང་བྱས་ནས། ས་གནས་རིམ་པ་བཞིན་གཞོན་ནུའི་དབུས་རྒྱུན་བར་དུ་སོང་བ་ཡིན། བུད་མེད་ལྷན་ཚོགས་མཉམ་དུ་ཐག་ཉེ་བོའི་ཐོག་ནས་ལས་ཀ་བྱས་པ་ཡིན། ང་གྲོས་ཚོགས་ནང་དུ་ཡོང་ཁོངས་འཐབ་རྩོད་པ་ཞིག་གི་ངོ་བོའི་ཐོག་ནས་སླེབས་པ་རེད། ངས་ལས་ཀ་བྱེད་སྐབས་འཐབ་རྩོད་པའི་དྲི་མ་དེ་ལྷག་གི་རེད། དཔེ་མཚོན་ཙམ་ཞུས་ན། ང་ཚོས་རྒྱ་མི་ལ་ཁ་གཏད་གཅོག་པ་དང། རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་འཚོལ་སྐབས་ནུས་པ་གཅིག་ཏུ་བསྒྲིལ་དགོས་པ་རེད། ལངས་ཕྱོགས་ག་རེ་ཡིན་ནའང་དེའི་ཐོག་ནང་ཁུལ་དུ་རྩོད་པ་རྒྱག་དགོས་པ་ངས་མཐོང་གི་མེད། གཞུང་གི་ལས་ཀ་བྱེད་སྐབས་ནུས་པ་གཅིག་ཏུ་བསྒྲིལ་ཐུབ་པ། ཕན་ཚུན་གོ་བརྡ་འཕྲོད་ཐུབ། ལྷག་པར་དུ་བོད་ནང་གི་བོད་མི་དང་མཉམ་དུ་མཐུན་པའི་ཐོག་ནས་མཉམ་རུབ་དགོས་པ་གལ་ཆེན་པོ་རེད།
སོ་སོ་སྤྱི་འཐུས་བྱས་ན་ལོ་༡༩ ཕྱིན་པ་རེད། མི་མང་གི་དཀའ་སྡུག་གསལ་པོ་ཤེས་ཀྱི་ཡོད། བོད་ནས་གསར་དུ་སླེབས་པ་མང་པོ་དྷ་སར་མང་པོ་ཡོད། ཁོང་ཚོར་ལས་ཀའི་དཀའ་ངལ་ཡོད། སྡོད་སའི་དཀའ་ངལ་ཡོད། ཚོང་ལས་བྱེད་དགོས་ན་དཀའ་ངལ་ཡོད། དེ་ཚོའི་ཐོག་བོད་གཞུང་གིས་གནང་གི་མེད་པ་མ་རེད་མོད། བཀའ་བློན་ཁྲི་པར་སུ་སླེབས་ནའང་སྔར་ལྷག་གནང་དགོས་ཀྱི་འདུག དེ་བཞིན་གཞིས་ཆགས་ཁག་དུ་དཀའ་ངལ་ཡོད་མཁན་མང་པོ་ཡོད། འགྱུར་བ་འགྲོ་ཡི་རེད། ཡིན་ནའང་འགྱུར་བའི་འདེམས་ཀ་ཏག་ཏག་ཐུབ་དགོས་ཀྱི་འདུག་ཅེས་གསུངས་སོང་།།

{jcomments on}