བཙན་བྱོལ་བོད་མི་རྣམས་ལ་འཕྲོད་བསྟེན་ཉེན་སྲུང་བཟོ་འཆར།
དེ་ཡང་ལས་བསྡོམས་ནང། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་དབུས་ས་གཉིས་ཀྱི་འཕྲོད་བསྟེན་ལས་བྱེད་ཆེ་ཕྲ་ཡོངས་ནས་ལོ་མང་ཧུར་བརྩོན་དང། ལྷག་བསམ་ལ་བརྟེན་ནས་བོད་མིའི་སྡོད་སྒར་ཁག་གི་ནང་དགོས་ངེས་གཞི་རིམ་འཕྲོད་བསྟེན་རྨང་གཞི་འཛུགས་བསྐྲུན་ཐུབ་པ་ལ་བརྟེན་ནས། བོད་མིའི་འཕྲོད་བསྟེན་གཟིགས་སྐྱོང་གང་ཅིའི་ཐད་གནས་ཡུལ་ས་གནས་མི་མང་ལས་བཟང་བ་ཡོད་ནའང། བཙན་བྱོལ་བོད་མིའི་འཕྲོད་བསྟེན་ལམ་སྲོལ་རྣམས་གནས་སྐབས་སྨན་བཅོས་གཙོ་བོར་བཟུང་བ་ཞིག་ཡིན་སྟབས་ད་ཆ་དུས་བསྟུན་ལེགས་བཅོས་གཏོང་དགོས་དུས་ལ་སླེབས་ཡོད། དེ་ནི་བཙན་བྱོལ་བོད་མི་ཡོངས་ལ་ཁྱབ་ཐུབ་པའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ཞིག་གསར་འཛུགས་གནང་ཕྱོགས་དེ་ཡིན། བཙན་བྱོལ་སྤྱི་ཚོགས་ནང་བོད་མི་མི་ཉུང་བ་ཞིག་གིས་སྨན་བཅོས་ཉེན་སྲུང་མཁོ་གལ་མཐོང་ཡང་། ལས་བྱེད་དང་ཉམ་ཐག་ཕུད། བོད་མི་གཅིག་ལའང་དོན་དངོས་ཀྱི་སྨན་བཅོས་ཉེན་སྲུང་མེད་པའི་ཁར། བོད་མི་ཚོའི་འཚོ་བ་སྐྱེལ་སྟངས་དང་ཟས་སྤྱོད་ཀྱི་གོམས་གཤིས། ནད་མནར་གྱི་གནས་སྟངས་བཅས་ལ་ཆེད་ལས་མི་སྣས་དཔྱད་སྐབས་ཡུལ་མི་དང་ཅུང་མི་འདྲ་བ་ཛ་དྲག་གི་གནས་སྟངས་ཅན་དུ་འགྱུར་རྒྱུའི་ཉེན་ཁ་ཡོད་པ་ཞིག་གསལ་བ་དང། བོད་མི་ཚོས་ད་ལྟའི་ནད་མནར་གནས་སྟངས་དང། སྨན་གཏུགས་བྱ་ཕྱོགས། སྨན་གྲོན་གཏོང་ཕྱོགས་དང། གཞུང་སྒེར་གྱི་འགན་འཁུར་ཇི་ཙམ་ཡོད་མེད་བཅས་ཕྱོགས་ཡོངས་ནས་དཔྱད་སྐབས་འཕྲོད་བསྟེན་ལས་ཁུངས་འོག་ཉེན་སྲུང་ལྟ་བུའི་སྨན་བཅོས་བལྟ་སྐྱོང་ལས་གཞི་ཞིག་གསར་འཛུགས་བྱེད་འོས་པ་དང། ལས་འཆར་དེ་བརྒྱུད་ད་ཡོད་སྨན་བཅོས་ལམ་སྲོལ་ལ་དགོས་ངེས་བསྒྱུར་བཅོས་ཐོག་མི་གང་མང་ཞིག་ཛ་དྲག་གིས་གནས་སྟངས་ལས་སྐྱོབ་ཐུབ་པ། འཕྲོད་བསྟེན་སྨན་ཁང་ཆེ་ཆུང་རྣམས་སྔར་ལྷག་ཚགས་ཚུད་དང་རྒྱུན་གནས་ཐུབ་པ། ལག་བསྟར་བྱེད་བཞིན་པའི་སྔོན་འགོག་ལས་གཞི་ལའང་ཐད་ཀར་གནད་དུ་འཁེལ་བ་ཡོང་རེས་བཙན་བྱོལ་བོད་མི་ཡོངས་ལ་ཚད་གཞི་ཅན་གྱི་རིམ་པ་གཉིས་པ་དང། གསུམ་པའི་སྨན་བཅོས་བལྟ་སྐྱོང་གི་ལམ་ལུགས་ཤིག་གཞུང་མང་ཐུན་མོང་གིས་འགན་ཁུར་འོག་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་སྟངས་འཛིན་གནང་རྒྱུ། འཕྲོད་བསྟེན་སྨན་ཁང་ནས་སྨན་བཅོས་མ་ཐུབ་པའི་ཛ་དྲག་ནད་མནར་སྐབས་རྒྱ་གར་སྨན་ཁང་ཆེ་ཁག་ནང་བསྟེན་གཏུགས་ཀྱིས་འགྲོ་གྲོན་ཚད་གཞི་ངེས་ཅན་བར་ཉེན་སྐྱོབ་ལྟ་བུའི་ལས་གཞི་དེས་སྐྱོབས་ཐུབ་པ་ཡོང་རྒྱུ། དེའི་སླད་གཞུང་མང་གཉིས་ཕྱོགས་ནས་བསྡུ་འབབ་ཕྲན་བུ་རེ་བསྡུ་དགོས་རྒྱུར།
དཔེར་ན། འདོད་གཅིག་ནང་མི་ལྔ་རེ་རྩིས་དུད་ཚང་རེའི་སྨད་དོད་བསྡུ་འབབ་ལོ་རེར་སྒོར་༣༥༦༩་༢༨ བསྡུ་དགོས་པ་ནས་དུད་ཁྱིམ་སོ་སོ་ནས་ལོ་རེར་སྒོར་༡༩༥༨་༠༠ བསྡུ་འབུལ་ཞུ་རྒྱུ་དང་དེ་འཕྲོས་བརྒྱ་ཆ་༤༥ འབབ་སྒོར་༡༦༡༡་༢༩ གཞུང་ནས་ཁ་གསབ་མཐུན་འགྱུར་གནང་ན་ལོ་འཁོར་དེའི་ནང་ཁྱིམ་ཚང་རེར་སྨན་གྲོན་མཐོ་ཚད་སྒོར་༡༠༠༠༠༠ བར་སྨན་བཅོས་ཁེ་ཕན་འཐོབ་རྒྱུ། གལ་ཏེ་དུད་ཚང་གཅིག་གི་ཁོངས་ནང་མི་ལྔ་ལ་མང་བ་ཡོད་ཚེ་ནང་མི་འཕར་མ་ཇི་ཡོད་ཀྱི་འབབ་ཚད་ཁ་སྣོན་བསྡུ་དགོས། ཡང་དུད་ཚང་གཅིག་གི་ཁོངས་ནང་མི་གཅིག་ལས་མེད་ཚེ་ལོ་འཁོར་གཅིག་ནང་སྒོར་༧༡༣་༨༦ བསྡུ་དགོས་པ་ནས། རང་འབབ་སྒོར་༣༩༢་༦༣ བསྡུ་འབུལ་ཞུ་རྒྱུ་དང་། དེ་འཕྲོས་བརྒྱ་ཆ་༤༥ འབབ་སྒོར་༣༢༡་༢༣ གཞུང་ནས་ཁ་གསབ་གནང་མཐོ་ཚད་སྒོར་༥༠༠༠༠་༠༠ བར་སྨན་བཅོས་ཁེ་ཕན་འཐོབ་རྒྱུ། སློབ་གྲྭ་དང་། དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ཀྱང་ཁྱིམ་ཚང་ལྟར་ཤག་གཅིག་གི་དགེ་རྒན་དང་དགེ་ཕྲུག་ཐུན་མོང་གི་ཤག་ཚང་བརྩི་སྲོལ་བསྡུ་འབུལ་གནང་ཡང་འཐུས་རྒྱུ། དེ་བཞིན་བོད་སྨན་ཐོག་ནས་སྨན་བཅོས་དགོས་རིགས་ཀྱང་སྨན་རྩིས་ཁང་གི་ཡན་ལག་དང་བཅས་པའི་ནང་ནད་གསོ་ཁང་དུ་བཅོས་ཉར་བྱ་དགོས་རིགས་སྨན་གྲོན་གོང་མཚུངས་ལྟར་འཐོབ་རྒྱུ་ཡིན་ཚུལ་འཁོད་ཡོད་པ་རེད།།
{jcomments on}