བརྩེ་དུང་གི་ཚེ་སྲོག

ཉིན་ཞིག་ཆུ་ལོག་སྡེ་བའི་ནང་བཟོ་ལས་བྱེད་པར་གདན་འདྲེན་བྱས་ནས་ཉིན་བཅུ་ཙམ་སོང་བའི་རྗེས། ཉིན་ཞིག་གློ་བུར་དུ་མི་ཞིག་སེམས་སྡུག་གི་ངོ་གདོང་ཡོངས་ལུག་ནས། སྟོབས་ལྡན་ཚང་གི་སྒོ་ཁར་འབྱོར་ནས་སྐད་ཤུགས་ཆུང་བའི་ཐོག་བཤོད་ཕོད་ཙམ་མི་ཕོད་ཀྱིས་སྒོ་ནས་ཁྱོད་ཀྱི་ཨ་ཕ་་་་་་ཨ་ཕ་་་གྲོངས་་་་་གྲོངས་སོང་ཟེར་མི་སྙན་པའི་ཚིག་ལྡབ་ལྡེབ་ཞིག་སྟོབས་ལྡན་གྱི་རྣ་བར་ལྷུང་བ་དང༌། ཡབ་དམ་པ་སྐུ་ཚེ་འགལ་རྐྱེན་བྱུང་དུས་ཕ་མ་བུ་གསུམ་མཉམ་དུ་མ་བྱུང་བ་དེ་བློ་འགྱོད་དང༌། ཕྱོགས་གཞན་དུ་བསམ་ཚེ་འདི་ནི་རྨི་ལམ་མིན་ནམ། ཡང་འཁྲུལ་བ་ཡིན་རང་གིས་རང་ལ་ཡིད་མི་ཆེས་པའི་བློ་སེམས་རྩེ་གཉིས་ཀྱི་ངང༌། ཅི་བྱ་ལྟོས་མེད་ཀྱི་སྒོ་ནས་ཆུ་ལོག་སྡེ་བའི་ཕྱོགས་སུ་རྒྱུགས་ཕྱིན། ཆུ་ལོག་སྡེ་བའི་ནང་འབྱོར་སྐབས་ལྷག་པ་ཚང་ཟེར་དེར་ཕ་འདས་པོའི་རྒྱབ་ཆོས་ཚོགས་ནས་བསྡད་འདུག རྨི་ལམ་དང༌། འཁྲུལ་སྣང་གང་ཡང་མ་ཡིན་པར་བསམ་ཡུལ་ལས་འདས་པའི་གནས་ཚུལ་དེ་དངོས་སུ་མྱོང་བས་སེམས་སྡུག་གི་ཁུར་བོ་ལྕི་མོ་དེས་མགོ་བོ་གྱེན་དུ་འགྱོགས་མི་ཐུབ་པའི་གནས་སུ་གྱུར། ལྷག་པ་ཟེར་བ་སྔགས་གཟུགས་འཛིན་པ་དེས་ཁོ་ལ་སེམས་གསོ་དང་ཆོས་བཤད་འགའ་བྱས་ནས། གཙོ་བོ་མི་རྟག་གི་སྐོར་མང་ཙམ་བཤད། ཉིན་གྲངས་རིང་ཕུང་མཇུག་ཡོངས་ཚར་བ་དང༌། རང་གི་སྡེ་བ་རུ་ཕྱིར་ལོག་དེ་སྔར་ལྟར་འཚོ་བ་རོལ་ནས་བསྡད། དེ་ལྟར་དུས་ཚོད་ནི་སུས་ཀྱང་ལྡོག་མི་ཐུབ་པ་ཡིན་པས། ཡང་ལོ་ཟླ་འགའ་སོང་རྗེས། ཉིན་ཞིག་རང་གི་ཨ་མ་ལ་སྐྱིད་ལོ་ཡག་དང་ཁོ་གཉིས་གཉེན་སྟོན་གྱི་དུས་ཚེས་གཏན་ཁེལ་བྱེད་དགོས་པའི་རེ་བ་སྟོན་པར། སྟོབས་ལྡན་གྱི་ཨ་མའི་སེམས་ལ་བུ་མོ་སྐྱིད་ལོ་ཡག་ནི་སྐྱེས་འབྲས་དང༌། མཚར་སྡུག་གི་ཐད་ལ་བརྗོད་དགོས་མེད་ན་ཡང༌། མོའི་ཁྱིམ་གྱི་འབྱོར་བ་ཤིན་ཏུ་ཞན་པས་གཉེན་སྒྲིག་བྱ་རྒྱུར་ཡིད་ལ་སྔ་ས་ནས་བབས་མེད་ནའང། སྟོབས་ལྡན་གྱིས་བུ་མོ་སྐྱིད་ལོ་ཡག་ལ་བཅངས་པའི་བརྩེ་གདུང་ནི། སྡེ་བ་དེ་དང༌། སྡེ་བ་གཞན་ཀུན་ལ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པ་དང༌། གཉེན་སྟོན་ནམ་ཡིན་གྱི་སྐད་ཆའང་འདྲི་མཁན་མང་པོ་བྱུང་ཡོད། ད་དུང་ཁོང་གཉིས་ལོ་ན་མཐུན་པ་དང༌། ཁ་འབྲས་མཚར་བ། གཟུགས་བྱད་ལེགས་པ། རང་བཞིན་གྱི་གཤིས་རྒྱུད་བཟང་བ། ཕ་མ་རྒས་ཁོག་རིགས་ལ་གུས་ཤིང་བྱམས་པ། ཁྱིམ་མཚེས་ཀྱི་སྡེ་བ་དང་ཕན་ཚུལ་འཆམ་མཐུན་ཆེ་བ་བཅས་ཀུན་གྱི་མིག་དཔེ་ལེན་ས་ཞིག་དང་ཡིད་སྨོན་བྱེད་ས་ཞིག་ཏུ་གྱུར་སྟབས། ཨ་མའི་རང་གི་བུ་སྟོབས་ལྡན་ལ་གཅེས་དྲགས་པའི་དབང་གིས་མཐར་བུའི་རེ་འདོད་ལྟར་བུ་མོ་སྐྱིད་ལོ་ཡག་རང་གི་བུའི་གནའ་མར་མ་བླངས་བཀའ་མེད་བྱུང༌། མུ་འགོད།