མི་རིགས་རྩ་སྟོང་གི་ཉེན་ཁ་།།

གོ་རྒྱུ་ཚོར་རྒྱུ་ཡོད་པ་ཞིག་བྱུང་བའི་གཞི་རྩ་དེ་ནི་བོད་ཀྱི་ནང་ཆོས་རིགས་པ་འདི་ཡིན་པ་ནི་སུ་གང་ལ་ འགྲེལ་བརྗོད་བྱེད་མི་དགོས་པ་ཞིག་རེད་། འོ་ན་། དེ་འདྲ་ཡིན་ན་བོད་ཀྱི་ཆོས་རིགས་སློབ་གཉེར་སའི་གདན་ས་ཆེན་པོ་བཞི་དང་། ས་སྐྱ་།  བཀའ་རྙིང་།  བོན་དང་བཅས་པའི་གདན་ས་ཁག་ཀྱང་བཙན་བྱོལ་ནང་དུ་ཡོད་ཅིང་།    ཆོས་བརྒྱུད་དེ་དག་གི་བླ་མ་མཁས་དབང་རྣམས་ཡང་བཙན་བྱོལ་ནང་དུ་ཕེབས་ཡོད་ཀྱང་ཆོས་བརྒྱུད་ཆེན་པོ་ བཞི་ཡི་ནང་དུ་སློབ་གཉེར་བྱེད་མཁན་བཙན་བྱོལ་ནང་དུ་འཚར་ལོངས་བྱུང་བའི་བུ་ཕྲུག་ཚོསའཛིན་བསྐྱོངས་བྱེད་ཡོད་དམ་སུ་བྱེད་ཡོད་། དེ་ནི་བཙན་བྱོལ་ནང་གི་བུད་མེད་ཚོ་ངོ་ཚ་དགོས་པ་ཞིག་ལ་ཆོས་བརྒྱུད་ཁག་གི་སློབ་གཉེར་གྱི་རྒྱུན་འཛིན་དེ་ནི་བོད་ནང་གི་ཨ་མ་ཚོས་གསོ་བསྐྱོངས་བྱེད་ཡོད་། བོད་ནང་གི་ཨ་མ་ཚོས་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་དག་བློས་བཏང་བྱས་པའི་མཇུག་འབྲས་ལ་།   ཆོས་བརྒྱུད་བཞི་དང་།   བཙན་བྱོལ་གཞུང་གི་སློབ་གྲ་དང་བཅས་པའི་ནང་དུ་ལོ་རེ་ནས་བོད་འབྱོར་གྱི་བོད་ཕྲུག་སྟོང་ཁྲག་མང་པོ་འབྱོར་ བཞིན་ཡོད་ཀྱང་།  ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་གྱེན་ལངས་བྱས་པ་ནས་བཟུང་བཙན་བྱོལ་གཞུང་གིས་གཉེར་བའི་སློབ་ཁག་དང་། དམའ་རིམ་གྲ་ནས་སྒོ་བརྒྱགས་འགོ་བཙུགས་ཟིན་ཞིང་།      ཆོས་བརྒྱུད་ཁག་གི་འཛིན་གྲ་གསར་པའི་ནང་དུ་ཞུགས་མཁན་ཇེ་ཉུང་དུ་ཕྱིན་ནས་།  ཛ་དྲགས་ཤིག་གི་མཚམས་སུ་སླེབས་བཞིན་ཡོད་། ཕྱི་ལོ་༢༠༠༩ ཟླ་ ༡༢ཚེས་༢༦ཉིན་ཤེས་རིགས་ཚོགས་ཆེན་ཐེངས་ལྔ་པའི་ཐོག་ཏུ་ ༼ གོང་ས་མཆོག་གིས་བཀའ་སློབ་གནང་དོན་ད་ང་ཚོའི་སློབ་གྲ་འཛིན་འོག་མ་སྟོང་ཆགས་ཀྱི་ཡོད་སྟབས་དེ་དག་འཕྲོ་བརླག་མ་འགྲོ་བའི་ཆེད་ ཧི་མ་ལ་ཡི་རི་ཁུལ་ནས་སློབ་ཕྲུག་གསར་འཇུག་བྱེད་དགོས་ཞེས་བཀའ་གནང་སོང་ ༽ ཁ་སང་རྦེལ་ཀོབ་ཏུ་བོད་མི་མང་རྒྱལ་ཡོངས་ཚོགས་ཆེན་དུ་།   བཀའ་བླ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུངས་བཤད་ཀྱི་ནང་དུ་། ཕྱི་ལོ་ ༡༩༨༦ དང།  ༡༩༩༨  ལོ་དང་  ༢༠༠༩ ལོ་བཅས་ཀྱི་ནང་དུ་བཙན་བྱོལ་དུ་བུ་ཕྲུག་སྐྱེས་ཚད་ཧ་ཅང་གི་ལོ་རེ་ནས་ལོ་རེ་ཇེ་ཉུང་དུ་ཕྱིན་ཡོད་འདུག་། བོད་ནང་དུ་བུ་ཕྲུག་སྐྱེས་ཚད་ཇེ་ཉུང་ཕྱིན་པའི་རྒྱུན་རྐྱེན་ནི་བཙན་དབང་གིས་སྐྱེ་སྒོ་བཀག་ཡོད་།   ད་འོ་ན་།   བཙན་བྱོལ་ནང་དུ་ཅིའི་ཕྱིར་བུ་ཕྲུག་སྐྱེས་ཚད་ཇེ་ཉུང་དུ་ཕྱིན་པ་རེད་དམ་ཅེ་ན་། དེ་ལ་འགྲེལ་བརྗོད་གཅིག་མ་གཏོགས་མི་འདུག་དེ་ནི་།   རང་དབང་གིས་སྐྱེ་སྒོ་བཀག་པ་རང་རེད་། མདོར་ན་ཆོས་བརྒྱུད་ཁག་དང་།   སློབ་གྲ་བཅས་ཀྱི་ནང་དུ་བོད་འབྱོར་བུ་ཕྲུག་ཇེ་ཉུང་དུ་པྱིན་མ་ཐག་ཏུ་སློབ་གྲ་ཁག་རིམ་བཞིན་སྒོ་བརྒྱག་དགོས་པའི་མཚམས་སུ་སླེབས་པ་དེ་ནི་།

བཙན་བྱོལ་ནང་གི་བུད་མེད་ཚོས་སྒྲུབ་མ་ཐུབ་པའམ་སྒྲུབ་མ་འདོད་པའི་བོད་མི་རིགས་རྩ་སྟོང་བཏང་བའི་ནག་ཐིག་དང་།  བོད་ཀྱི་ཆོས་རིག་རྒྱུན་འཛིན་མ་ཐུབ་པའི་ལོ་རྒྱུས་ཀྱི་ནག་ཉེས་ཆེས་ཤོས་དེ་བསགས་འདུག་།