རྡོ་རྫོང་དགོན་མདོ་སྔགས་རབ་རྒྱས་ཆོས་གླིང་དབུ་འབྱེད་མཛད་སྒོ།
དེ་ཡང་ཟླ་འདིིའི་ཚེས་༡༢ ཉིན་ས་གནས་གྷོ་པལ་པུར་གྱི་ཉེ་འཁྲིས་སུ། རྡོ་རྫོང་རིན་པོ་ཆེ་མཆོག་གིས་གསར་བཞེངས་མཛད་པའི་རྡོ་རྫོང་དགོན་ཐུབ་བསྟན་མདོ་སྔགས་རབ་རྒྱས་ཆོས་གླིང་གི་རྟེན་དང་བརྟེན་པར་བཅས། ལེགས་གྲུབ་ཟིན་པའི་རྟེན་འབྲེལ་དབུ་འབྱེད་མཛད་སྒོའི་ཐོག ༧གོང་ས་མཆོག་དང་དཔལ་རྒྱལ་བ་ཀརྨ་པ་རྣམ་གཉིས་ཀྱིས་གཙོས། རྒྱལ་ཚབ་རིན་པོ་ཆེ་དང། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ། ཁམས་སྤྲུལ་རིན་པོ་ཆེ། རྒྱུད་སྟོད་མཁན་རིན་པོ་ཆེ་སོགས་བླ་སྤྲུལ་གྲྭ་བཙུན་རྣམས་དང། བོད་གཞུང་གི་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་བཀའ་བློན་ཁག་གཅིག གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ཀྱིས་དབུས་སྤྱི་འཐུས་ཁག་གཅིག དེ་བཞིན་སྡེ་ཚན་ཁག་གི་དྲུང་ཆེ་ཆུང་དང་གཞུང་ཞབས་ཁག་གཅིག བཀའ་ཟུར་དང་སྤྱི་ཟུར། སློབ་གྲྭ་ཁག་གི་དབུ་འཛིན་དང་ལས་བྱེད། སློབ་ཕྲུག་མི་མང་བཅས། ཁྱོན་མི་གྲངས་༤༠༠༠ ལྷག་ཙམ་མཛད་སྒོའི་ཐོག་ཕེབས་འདུག
དང་ཐོག་༧གོང་ས་མཆོག་གིས་གཙུག་ལག་ཁང་གི་གསེར་སྒོའི་དར་ཚོན་གཅོད་བྲེག་དང། སྣང་གསལ་ཞལ་འབྱེད། རྟེན་གསུང་ལ་རབ་གནས་ཐུགས་སྨོན་གནང་སྟེ་བྱ་འཆད་ཀ་བ་ཡེ་ཤེས་རྡོ་རྗེའི་གསུང་བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད་བསྩལ་སོང། ཉིན་རྒྱབ་༧གོང་ས་མཆོག་གཙུག་ལག་ཁང་གི་སྒོ་ཁྱམ་གྱི་ཞབས་སྟེགས་སྟེང་བཞུགས་ནས། བོད་ཀྱི་བླ་སྤྲུལ་ཁག་དང་དབུས་གཞུང། མངའ་སྡེའི་དཔོན་རིགས་ཁག་གིས་དབུ་འབྱེད་མཛད་སྒོ་ལ་ཆེད་དུ་བསྩལ་བའི་ཤིས་ཚིག་གསུང་འཕྲིན་རྣམས་སྒྲོགས་སྦྱང་གནང་རྗེས། དགོན་པའི་དབུ་འཛིན་རྡོ་རྫོང་རིན་པོ་ཆེ་མཆོག་གིས་དགོན་པའི་དམིགས་ཡུལ་དང་བྱུང་རིམ་སྐོར་གསུང་བཤད་གནང་དོན།
“ཐོག་མ་སྦྱིན་བདག་ཁག་ཅིག་གིས་དགོན་པ་འདི་འདྲ་བ་གསར་བཞེངས་དགོས་པའི་རེ་བ་གནང་ཡོད་ཀྱང་ངའི་ངོས་ནས་དང་ལེན་བྱས་མེད། རྗེས་སུ་༧གོང་ས་མཆོག་དང་ས་སྐྱ་གོང་མ་རིན་པོ་རྣམ་གཉིས་ཀྱི་སྐུ་མདུན་དུ་ཐུགས་དམ་ཞུས་ནས་གསར་བཞེངས་བྱས་པ་ཞིག་ཡིན་པ་དང། དགོན་པ་འདི་བཞེངས་དགོས་པའི་དམིགས་ཡུལ་གཙོ་བོ་གསུམ་ཡོད། དང་པོ་བོད་ཀྱི་ཆོས་དང་རིག་གཞུང་ཆགས་འཇིགས་ཀྱི་གནས་སུ་ལྷུང་ཡོད་པ། དེ་དག་མི་ཉམས་རྒྱུན་འཛིན་དང་ལྷག་དོན་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དང། གཉིས་པ། ༧གོང་ས་མཆོག་གིས་བཀའ་སློབ་རིམ་ཕེབས་བཞིན་གྲྭ་བཙུན་ཙམ་མིན་པ། བོད་པའི་གཞོན་སྐྱེས་ཁག་ལའང་ནང་ཆོས་ངོ་སྤྲོད་གནང་ནས། སྤྱི་ཚོགས་སུ་ནང་ཆོས་ཀྱི་གོ་རྟོགས་གོང་མཐོར་གཏོང་དགོས་གསུངས་པ་དེ་ལག་ལེན་བསྟར་ཐབས། གསུམ་པ། ཁུ་ནུ་དང་ག་ཤ་སོགས་ཕ་མེས་ནས་ནང་པ་ཡིན་པའི་ཧི་མ་ལ་ཡའི་རིགས་རྒྱུད་ཀྱི་གཞོན་སྐྱེས་ཚོར། ནང་ཆོས་ཤེས་འདོད་ཀྱང་གོ་སྐབས་དཀོན་པོ་ཡིན་པས། དེ་དག་ལ་ནང་ཆོས་ངོ་སྤྲོད་ལོ་གཅིག་གི་ནང་ཐེངས་གཉིས་གསུམ་རེ་གོ་སྒྲིག་བྱེད་འཆར་དང། ནང་ཆོས་ངོ་སྤྲོད་ཀྱི་དུས་ཡུན་རིང་བཞུགས་ཡུལ་དང་ཞལ་ལག་དགོན་པ་རང་ནས་རིན་མེད་གཏོང་རྒྱུ་ཡིན། དེ་བཞིན་དགོན་པ་འདིའི་ནང་ད་ལྟའི་སྐབས་མཆོད་རྟེན་དང་དཔེ་མཛོད་ཁང། གྲྭ་ཤག་སོགས་མཐུན་རྐྱེན་ཅུང་ཟད་འཛོམས་ཡོད་པ་རྣམས། མཐུན་རྐྱེན་ཆོས་ཀྱི་འགོག་རྐྱེན་ལ་མི་འགྲོ་བ་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད་”ཅེས་སོགས་གསུངས་སོང་།
དེ་ནས་རིམ་གྱིས་མཁས་དབང་ཟམ་གདོང་རིན་པོ་ཆེ་དང། དཔལ་རྒྱལ་བ་ཀརྨ་པ། སྤྱི་འཐུས་སོགས་ཀྱིས་རྡོ་རྫོང་རིན་པོ་ཆེ་མཆོག་གིས། སྐུ་ལས་བསྐྱོན་ནས་དགོན་པ་གསར་བཞེངས་གནང་བ་དང་། དེ་བཞིན་དགོན་པའི་དམིགས་ཡུལ་ཁག་གསུམ་ཧ་ཅང་གི་གལ་འགངས་ཆེ་བས། ལག་ལེན་དོན་འཁྱོལ་ཡོང་བའི་རེ་སྨོན་དང་ཤིས་ཚིག་གནང་སོང།
དེ་རྗེས་༧གོང་ས་མཆོག་གིས། “དགོན་པ་འདིས་སྐྱ་བོ་ཕོ་མོ་ཚོས་ནང་ཆོས་སྦྱོང་སའི་དམིགས་ཡུལ་བཟུང་ཡོད་པ་འདི། དུས་ལ་འཚམས་པ་དང་ངེས་པར་དུ་དགོས་པ་ཞིག་ཆགས་ཡོད་པ་རེད། ངས་ནམ་རྒྱུན་ནས་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་སླེབས་བསྡད་ཡོད་པ་དང་། ནང་པ་ཚོའང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་རེད་ཅེས། རྒྱ་རིགས་གྲོགས་པོ་ཚོ་ལའང་ཤོད་ཀྱི་ཡོད་ལ་བོད་པ་ཚོ་ལའང་ཤོད་ཀྱི་ཡོད། ང་ཚོས་ནང་ཆོས་སློབ་ཟེར་དུས་འདོན་པ་ཚིག་ཁ་ཤས་གཅིག་བསླབས། དེ་ནས་འཕྲེང་མ་ཞིག་ཁྱེར་ཏེ་སྔགས་བགྲང། བསྐོར་ར་བརྒྱབ་པ་ཙམ་བྱས་པ་དེ། ལུས་དང་ངག་གིས་བསྒྲུབས་པའི་དགེ་བ་རེད་དེ་གཙོ་བོ་ཆོས་ཟེར་བ་དེ་སེམས་ཀྱི་ནང་ནས་འགྲོ་དགོས་པ་ཞིག་ཆགས་ཡོད་པ་རེད། སངས་རྒྱས་ཀྱི་ཆོས་དེ་གཙོ་བོ་ཡིད་བློ་ལ་བརྟེན་ནས་སྒྲུབ་དགོས་པ་དང། དེ་དཀའ་བ་རེད་ལ་ཕྲ་བའང་རེད་ཅེས་གསུངས་ཡོད་པ་རེད། དེ་སྔ་བོད་པའི་གོམས་གཤིས་ལ་ཆོས་སློབ་དགོས་རེད་ཟེར་དུས་གྲྭ་པའི་ལས་འགན་ཡིན་པ་ལྟ་བུ་དྲན་གྱི་ཡོད་པ་རེད། རབ་བྱུང་ཕོ་མོ་གཉིས་ཀྱི་ནང་ནས་རབ་བྱུང་ཕོ་མ་གཏོགས་རབ་བྱུང་མོས་ཆོས་སློབ་མི་དགོས་པའི་སྲོལ་དང། དེ་བཞིན་སྔགས་འཆང་ཚོས་ཀྱང་འདོན་པ་བཏོན་པ་ཙམ་ལས་ཆོས་སློབ་མི་དགོས་པའི་བསམ་ཚུལ་འཛིན་པ། མི་སྐྱ་ཕོ་མོ་ཚོ་བརྗོད་མི་དགོས་པ་རེད། ལམ་སྲོལ་དང་གོམས་གཤིས་དེ་ནི་ཆེས་སྒྱིད་ལུགས་ཀྱི་རྣམ་པ་རེད་”ཅེས་སོགས་བཀའ་སློབ་ཟབ་མོ་བསྩལ་སོང། དེ་རྗེས་རིག་གཞུང་འཁྲབ་སྟོན་སོགས་གནང་ཡོད་པ་རེད།།{jcomments on}