ཞེན་ཁོག་གི་བཀའ་ཁྲི་དང། དྲང་བཞག་གི་བཀའ་ཁྲི།
བསམ་བློ་འདི་དག་ནི་མི་རིགས་ཤིག་ཁག་ཁག་སོ་སོར་ཕྱེ་བའི་གཞི་རྩ་ལ་ཐུག་གི་འདུག མང་གཙོའི་རྒྱལ་ཁབ་གཞན་དག་ཡིན་ན་ཆབ་སྲིད་ཚོགས་པ་ཟེར་བ་ཞིག་འདུག ཆབ་སྲིད་ཚོགས་པའི་བར་ལ་འགྲན་རྩོད་བྱས་ཏེ་འགོ་ཁྲིད་ལ་རྒྱབ་སྐྱོར་བྱེད་རེས་བྱེད་ཀྱི་འདུག དེ་ནི་མི་རིགས་ཤིག་འཐོར་ཞིག་ཏུ་འགྲོ་བའི་གཞི་རྩར་མི་འགྲོ་བ་མ་ཟད། རྒྱལ་ཁབ་དེའི་ཆབ་སྲིད་ཀྱི་ལས་དོན་སྟོབས་ཤུགས་ཆེ་རུ་འགྲོ་བའི་ལམ་ལུགས་ཤིག་ཡིན་པ་རེད། འོན་ཀྱང་ང་ཚོ་བཙན་བྱོལ་བོད་པ་ཚོར་མཚོན་ན་དེ་འདྲའི་གོ་རྟོགས་དང་། བསམ་བློ་གུ་ཡངས་བའི་ཚད་གཞི་ཞིག་ལ་སླེབས་མེད་སྟབས། ད་དུང་ལུང་ཚན་གྱི་ཕྱོགས་རིས་ཙམ་ཞིག་ལ་མགོ་འཐོམ་ནས་ལྷག་འདུག དེ་ལ་བལྟས་ན་བོད་མི་རིགས་སྤྱིའི་གྱོང་གུད་ཅིག་དང་། བོད་མི་རིགས་འདི་ད་དུང་རྗེས་ལུས་ཡིན་པའི་རྟགས་མཚན་ཞིག་རང་བཞིན་གྱིས་བསྟན་ཡོང་གི་འདུག ཡིན་ནའང་ད་ལྟའི་ཆར་བསམ་བློ་འདིའི་རིགས་བསྒྱུར་བཅོས་གཏོང་དགོས་རབས་དང། བསམ་ཤེས་བྱེད་དགོས་རབས་ག་ཚོད་བཤད་ཀྱང་དེ་ཙམ་གྱིས་ཕན་ཐོགས་མེད་པ་གསལ་པོ་རེད།
དྲང་བཞག་གི་བཀའ་ཁྲི།
དྲང་བཞག་གི་བཀའ་ཁྲི་ཞེས་པ་ནི། མི་སྒེར་སོ་སོ་ནས་བསམ་བློ་ཞིབ་ཕྲ་གཏོང་བ་དང། དཔྱད་ཞིབ་མཐིལ་ཕྱིན་གྱིས་སོ་སོས་ངེས་ཤེས་རྙེད་ནས་བཀའ་ཁྲིའི་འོས་གཞི་ཐག་གཅོད་བྱེད་མཁན་དག་ནི་དྲང་བཞག་གིས་བཀའ་ཁྲི་བསྐོ་སྟངས་ཤིག་རེད། ངས་ཚོད་དཔག་བྱས་ན་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་དུ་སོ་སོས་ངེས་ཤེས་རྙེད་ནས་འོས་འདེམས་བྱེད་མཁན་ཧ་ཅང་དཀོན་པོ་རེད་འདུག ལོ་ཆེ་ཆུང་གཉིས་བསྡུར་ན་ལོ་ཆུང་བ་ཚོ་ཏོག་ཙམ་ཕྱོགས་རིས་ཆུང་བའི་ཁུལ་རེད། ལོ་རྒན་པ་དང་ཉམས་མྱོང་ཡོད་མཁན་ཕལ་ཆེ་བས་མི་དེ་ལ་ཉམས་མྱོང་མེད་རབས་དང་ཁ་སྤོབས་ཆེ་ལུགས་ཀྱིས་ཕྲག་དོག་གི་སྒོ་ནས་བཤད་མཁན་དང་། ལོ་ཆུང་རྣམས་ནི། མི་དེ་ལ་ཁ་བདེ་པོ་འདུག་ཟེར་ནས་ཧ་ལས་མདོག་བྱེད་པ་དང་། མི་དེ་ནི་ང་ཚོའི་ཕྱོགས་གཏོགས་རེད་ཅེས་དབྱེ་ཞིབ་མེད་པར་འགྲོ་མཁན་ཁག་ཅིག ཡང་མི་དེ་ནི་ལོ་རྒན་དྲགས་འདུག་ཟེར་ནས་རྒྱུ་མཚན་མེད་པར་གཡམ་རྒྱུག་བྱེད་མཁན་ཁག་ཅིག ཡང་མི་དེ་ནི་ལོ་གཞོན་དྲགས་འདུག ཁོ་ལ་ཉམས་མྱོང་ཡོད་མ་རེད་ཟེར་ནས་དམའ་འབེབས་བྱེད་མཁན་ཁག་ཅིག་བཅས་ཡོང་གི་འདུག དེ་དག་ནི་རྩ་བ་བརྟན་པོ་མེད་པའི་ཤིང་སྡོང་དང་གཅིག་པ་རེད། རིང་པོར་མི་ཐོགས་པར་ཡལ་ག་རྣམས་ས་ལ་ཟགས་ཡོང་གི་རེད། རང་ཉིད་ཀྱིས་དབྱེ་ཞིབ་ཞིབ་ཚགས་བགྱིས་ནས་མི་དེ་ནི་ཐམས་ཅད་ཀྱི་ནང་ནས་ཕུལ་དུ་བྱུང་བ་དེའོ་ཞེས་གཞན་གྱི་ཤུགས་རྐྱེན་དང་བསླུ་བྲིད་མ་ཐེབས་པའི་སྒོ་ནས་རང་ཐག་རང་གཅོད་གཙང་མ་བྱེད་མཁན་དེ་དག་ནི་དྲང་བཞག་གིས་བཀའ་ཁྲི་བསྐོ་སྟངས་དེ་རེད། མི་དེ་འདྲ་ཞིག་ང་ཚོའི་སྤྱི་ཚོགས་ནང་དུ་ཕལ་ཆེར་ཉིན་མོའི་སྐར་མ་དང་། མོ་གཤམ་གྱི་བུ་བཞིན་དཀོན་པོ་ཆགས་ཀྱི་འདུག དེའང་བོད་མི་རིགས་སྤྱིའི་གྱོང་གུད་ཅིག་དང། བོད་མི་རིགས་འདི་ད་དུང་རྗེས་ལུས་ཡིན་པའི་རྟགས་མཚན་ཞིག་རང་བཞིན་གྱིས་བསྟན་ཡོང་གི་འདུག
སྤྱི་ཡི་བསམ་བློ་འཇོག་ས།
སྤྱི་ཡི་བསམ་བློ་འཇོག་ས་ཞེས་པ་ནི། གོང་གི་དོན་ཚན་གཉིས་པོ་དང་འབྲེལ་བ་ཡོད་མེད་གང་ཞིག་ལ། སོ་སོ་རང་ཉིད་ཀྱི་འདོད་པ་བཞིན་མི་སུ་ཞིག་ལ་བཀའ་ཁྲིའི་འོས་ཤོག་འཕངས་ཀྱང་འགྲིག་པ་ཞིག་རེད། གལ་སྲིད་རང་ཉིད་ཀྱིས་འདོད་པ་ཡོད་པའི་མི་དེ་བཀའ་ཁྲིའི་མཐའ་མའི་འོས་ཤོག་གི་རྒྱལ་ཁ་མ་ཐོབ་ཚེ། དེའི་ཁ་གཏད་ཀྱི་བཀའ་ཁྲིའི་འོས་ཤོག་ཐོབ་མཁན་དེ་ལ་ནམ་ཞག་རྒྱུན་དུ་སྐྱོན་མཚང་སྔོག་ཐབས་དང་། དམའ་འབེབས་བྱེད་ཐབས། རྐང་པ་ནས་འཐེན་ཐབས་ག་འདྲ་དགོས་ཀྱི་འདུག་བལྟས་བསྡད་པ་ཡིན་ན་ཧ་ཅང་བྱབ་ཆུང་རེད། རང་ཉིད་ཀྱི་འདོད་པ་ཡོད་པའི་མི་དེ་ལ་རྒྱལ་ཁ་མ་ཐོབ་ཀྱང་རྒྱལ་ཁ་ཐོབ་མཁན་དེ་ལ་ཚང་མས་མཉམ་རུབ་ཀྱིས་བློ་ཁ་ཕྱོགས་པ་དང་། ཚང་མས་ཡིད་ཆེས་བྱས་ནས་རྒྱབ་སྐྱོར་དགོས་རྒྱུ་དེ་སྤྱི་ཡི་བསམ་བློ་འཇོག་ས་དེ་རེད། དེ་ནི་ཀུན་གྱི་བསམ་བློར་འཁོར་དགོས་པ་ཞིག་དང། བསམ་བློའི་ནང་ཤོང་དགོས་པ་གལ་ཆེན་པོ་རེད། དེ་བཞིན་བཀའ་ཁྲིའི་འོས་གཞི་ཕན་ཚུན་ནང་མཐའ་མའི་རྒྱལ་ཁ་ཐོབ་མཁན་དེ་ལ་ཚང་མས་རྒྱབ་སྐྱོར་གནང་ནས་འཕྱར་གྲུ་མཉམ་འདེགས་ཀྱི་དཔེ་ལྟར་བགྱིས་ཚེ། མང་གཙོའི་རིན་ཐང་ཆེན་པོ་ཞིག་སྲུང་སྐྱོབ་དང་དར་སྤེལ་གཏོང་བ་ཞིག་ཏུ་ངོས་འཛིན་ཆོག་པ་ཞིག་རེད།།
{jcomments on}