ཉལ་གོས་ཀྱི་ལས་འགུལ་སྐོར་འགྲེམས་སྟོན།
འགྲེམས་སྟོན་འགོ་འཛུགས་མཛད་སྒོའི་ཐོག་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་སྐུ་ཚབ་དང་། བོད་ཀྱི་དགུ་བཅུ་གསུམ་ཚོགས་གཙོ་ངག་དབར་འོད་འབར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་འཇམ་དཔལ་སྨོན་ལམ་བཅས་ཕེབས་འདུག
ལས་འགུལ་དེའི་སྐོར་ཨ་རིའི་ཀཱ་ལི་ཧྥོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་བདེ་ཆེན་ཚེ་རིང་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས་གསུང་དོན། ལས་འགུལ་འདི་སྤེལ་དགོས་དོན་ནི། བོད་ནང་དུ་བོད་དོན་ཆེད་ལོ་ངོ་དྲུག་ཅུ་ཙམ་གྱི་ནང་དུ་གྲོངས་པ་རྣམས་མི་བརྗེད་པ་བྱེད་རྒྱུ་གལ་ཆེན་པོ་རེད་འདུག ལས་འགུལ་འདི་གཞན་དང་མི་འདྲ་བ་ཞིག་ཡིན། དུས་རྒྱུན་ང་ཚོས་སྐད་འབོད་རྒྱག་གི་ཡོད་རེད། ཤོག་བུ་བཀྲམ་གྱི་ཡོད་རེད། དེའི་སྒང་ལ་ག་རེ་བྱེད་དགོས་ཀྱི་འདུག་བསམ་བློ་བཏང་དུས། སོ་སོས་ལབ་ཚེམ་བརྒྱབ་ནས་བོད་དོན་ཆེད་དུ་གྲོངས་པ་རྣམས་ཀྱི་མིང་དང་ལོ། བོད་ཀྱི་ས་ཆ་ནས་ཡིན་པ་བཅས་གསལ་བ་དེ་དངོས་སུ་མཐོང་དུས་ཚོར་སྣང་ཤུགས་ཆེན་པོ་ཞིག་སྐྲུན་ཐུབ་ཀྱི་མེད་འགྲོ་བསམ་ནས་ལས་འགུལ་འདི་སྤེལ་བ་རེད། ཀཱ་ལི་ཧྤོར་ནི་ཡའི་ནང་དུ་བོད་མི་ཚོས་ལས་འགུལ་སྤེལ་སྐབས་དེ་འདྲ་གསུང་གི་འདུག དེར་བརྟེན་ལས་གཞི་དེ་འདིར་དྷ་རམ་ས་ལར་བོད་པ་ཡོད་ས་དང་། ཚོགས་པ་རྣམས་ཀྱིས་མཉམ་འབྲེལ་བྱས་ནས་ཉལ་གོས་འདི་འདྲ་མང་ཙམ་བཙེམ་ཐུབ་ན་བསམ་པ་ཡིན། བོད་ནང་དུ་ད་བར་བོད་མི་ས་ཡ་གཅིག་དང་འབུམ་གཉིས་གྲོངས་པ་རེད། དེ་ཚོ་ཚང་མའི་མིང་ཉལ་གོས་ཐོག་བཙེམ་ཐུབ་ན་ཧ་ལས་པའི་ལས་འགུལ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག་ཅེས་དང།
ང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཡིན་པའི་སྐབས་ནས་ལས་འགུལ་དེ་འགོ་བཙུགས་པ་ཡིན། ད་དུང་མུ་མཐུད་ལས་འགུལ་འདིའི་ཐོག་རོགས་པ་བྱེད་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། སྤྱིར་ལས་འགུལ་འདིའི་ནང་དུ་གཞུང་སྒེར་གྱི་དབྱེ་བ་གང་ཡང་མེད་པར་བོད་རིགས་ཡིན་པའི་ཆ་ནས་སུ་ཞུགས་ཀྱང་འགྲིག་གི་རེད། ལག་ཚེམ་རྒྱག་མཁན་ཡིན་ན་འདྲ། དེ་མིན་རི་མོ་འབྲི་ཤེས་མཁན་ཡིན་ཡང་འགྲིག་གི་རེད། ཚོགས་པ་ཞིག་གིས་འགོ་ཁྲིད་པའི་ཐོག་ནས་སུ་མཉམ་ཞུགས་བྱས་ཀྱང་འགྲིག་གི་རེད། དཔེར་ན། བུད་མེད་ལྷན་ཚོགས་ཀྱིས་འདིའི་ཐོག་དོ་སྣང་ཆེན་པོ་གནང་གི་འདུག དེ་བཞིན་བཙུན་དགོན་སྒྲོལ་མ་གླིང་ཡོད་རེད། དེ་བཞིན་ཁ་སང་དྷ་སྟེང་བོད་ཁྱིམ་ལའང་འགྲེམས་སྟོན་ཞུ་རྒྱུ་བྱུང་། བོད་ཁྱིམ་གྱི་འགན་འཛིན་སོགས་ཀྱིས་རྒྱབ་སྐྱོར་གནང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང།
སྤྱིར་ཉལ་གོས་ཀྱི་ལས་འགུལ་ཞེས་པ་ནི། དེ་སྔོན་ཨ་རིའི་ནང་མི་རིགས་དཀར་ནག་བར་གྱི་འཐབ་རྩོད་སྐབས་སུ་མི་རིགས་ནག་པོ་ཚོས་སོ་སོའི་རང་འགོ་ཐོན་ཆེད་དང་མི་རིགས་དཀར་པོ་ལ་ངོ་རྒོལ་བྱེད་པའི་ཆེད་དུ། མི་གྲོངས་མཁན་རྣམས་ཀྱི་གྱོན་ཆས་དང་ཉལ་ཆས་ཀྱི་སྒང་ལ་ཚེམ་པོ་བརྒྱབ་ནས་མིང་འབྲི་བ་སོགས་ཀྱི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་ལ་དཔེ་བླངས་པ་ཞིག་ཡིན་པ་རེད།།
{jcomments on}