བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་རྒྱབ་སྐྱོར་གྱི་གསལ་བསྒྲགས།

དྭངས་བླངས་རྒྱབ་སྐྱོར་བའི་སྐུ་ཚབ་བསྟན་འཛིན་ཤེས་རབ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྒྲོག་སྦྱངས་བྱས་རྗེས། གསར་འགོད་གསལ་བསྒྲགས་དེའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་གིས་དྲ་རྒྱ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན། ང་དེ་རིང་བཅར་ཐུབ་པར་དགའ་པོ་ཞེ་དྲག་བྱུང། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ངེད་གཉིས་ལོ་མང་རིང་མཉམ་དུ་གཤིབས་ནས་བོད་སྤྱི་པའི་དོན་དུ་འགན་མཉམ་ཁུར་དང། ལྷག་བསམ་མཉམ་བསྐྱེད། ལོ་མང་པོའི་དཀའ་ལས་མཉམ་པོར་བརྒྱབ་ནས་དམ་ཚིག་གཙང་མ་ཡིན། དེ་འདྲ་ཞིག་ལ་ངའི་ངོས་ནས་རྒྱབ་སྐྱོར་གྱི་རྣམ་པ་མཚོན་པའི་ཆེད་དུ་འདིར་བཅར་ཐུབ་པར་དགའ་པོ་བྱུང། ཕྱོགས་གཅིག་ནས་བལྟས་པ་ཡིན་ན་ཁ་སང་འདིར་ཤོག་ལབ་དུས་མ་བདེ་བ་ཞིག་བྱུང་། དེང་སང་སྤྱི་ཚོགས་ནང་དུ་སྐད་ཆ་མང་ཐག་ཆོད་ནས། ཁོ་ཚོ་གཅིག་གིས་གཅིག་ལ་ངན་པ་ལག་སྦྲེལ་བྱེད་ཀྱི་འདུག བཀའ་བློན་ཁྲི་ཟུར་ཞིག་གིས་བཀའ་བློན་ཁྲི་ཟུར་ཞིག་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག ཁོ་ཚོ་མུ་མཐུད་དབང་འཛིན་པའི་ནང་ལག་བརྡང་སྦྲེལ་ནས་བྱེད་ཀྱི་འདུག་ཅེས་པའི་སྐད་ཆ་དེ་འདྲ་ང་ལ་ཡང་ལབ་མཁན་མང་པོ་བྱུང་།

katrisonamtobgyal2དེར་བརྟེན་མ་བདེ་བ་ཞིག་བྱུང། བསམ་བློ་ཡག་པོ་གཏོང་དུས་དངོས་ཡོད་གནས་ཚུལ་ནི་དངོས་ཡོད་གནས་ཚུལ་རང་རེད། སྐད་ཆ་སྙན་པོ་ཡོད་མེད་གང་ཞིག་སུས་ག་རེ་བཤད་པ་ཡིན་ཡང་འགྱུར་བ་འགྲོ་རྒྱུ་གང་ཡང་ཡོད་མ་རེད། དངོས་ཡོད་གནས་ཚུལ་རེད། དེར་བརྟེན་ང་དེ་རིང་དགའ་པོའི་ངང་ནས་བཅར་དགོས་དོན་དེ་ཡིན་ཞེས་དང། དེ་ནས་མུ་མཐུད་ཕྱི་ལོ་༡༩༦༠ ནང་ནས་ཤེས་བྱ་ཚགས་པར་དང། གཞོན་ནུ་ལྷན་ཚོགས་གསར་འཛུགས་སོགས་ཀྱི་ནང་མཉམ་ལས་གནང་བའི་སྐོར་དང་། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཀའ་བློན་བྱས་པའི་རིང་ལ་དཔེ་ཤག་མང་པོ་ཟོས་པའི་དཀྲོག་གཏམ་དེ་རིགས་བདེན་པ་མིན་ཚུལ་དང། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་གཤིས་ཀ་ནི། ངས་གཅིག་བྱས་པ་ཡིན་ཞེས་བཤད་མཁན་ཞིག་མིན་སྟབས་མང་ཚོགས་ནང་སྐད་ཆ་ཟུར་ཙམ་རེ་མ་གཏོགས་ཧ་མི་གོ་བའི་གནས་སྟངས་ཡོང་གི་ཡོད་ཚུལ་དང། དེ་ནས་ད་ལྟའི་སྐབས་འདིར་གསར་འགྱུར་བརྒྱུད་ལམ་ཁག་གལ་ཆེན་པོ་ཡིན་པས། གནས་ཚུལ་རྣམས་དྲང་བཞག་གིས་ཁྱབ་སྤེལ་དགོས་ཚུལ་སོགས་ཀྱི་གསུང་བཤད་གནང་སོང།

གཞན་ཡང་གསར་འགོད་གསལ་བསྒྲགས་ཀྱི་ནང་དུ་འཁོད་དོན། ང་ཚོ་ནི་བཞུགས་སྒར་དྷ་རམ་ས་ལ་དང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ། དེ་བཞིན་ཨ་རིའི་སན་ཧྥ་རན་སི་སི་ཁོ། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་བཅས་སུ་ཡོད་པའི་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གི་རྒྱབ་སྐྱོར་བ་ཁག་ཅིག་ཡིན་ཞེས་དང།
བསྟན་འཛིན་རྣམ་རྒྱལ་མཆོག་གིས་འདས་པའི་ལོ་ངོ་༢༠ ཙམ་གྱི་ནང་ཨ་རིའི་ནང་ཆེས་སྙན་གྲགས་ལྡན་པའི་སློབ་གཉེར་ཁང་དུ་ཕྱག་ལས་གནང་བའི་ཉམས་མྱོང་དང་། གཞུང་འཛིན་མིན་པའི་ཚོགས་པ་ཁག་ལ་འབྲེལ་བ་གནང་ཕྱོགས། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་སྣེ་ཁྲིད་མི་སྣ་མང་དག་ཅིག་ཐུགས་རྒྱུས་ཡོད་པ་མ་ཟད། ཕྱི་ལོ་༡༩༨༠ ལོར་རྒྱ་ནག་ལ་གཟིགས་སྐོར་ཕེབས་པའི་ཉམས་མྱོང་བཅས་ལ་གཞིགས་ནས། ང་ཚོའི་བློ་སྤོབས་སྔར་བས་ལྷག་བསྐྲུན་སོང། གོང་གསལ་རྒྱུ་མཚན་དེ་དག་གཞིགས་ཏེ། ང་ཚོས་༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་ཤོག་དེ་བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་ཞུ་རྒྱུ་ཡིན་ཞེས་སོགས་འཁོད་འདུག

དེ་བཞིན་གོང་ཚེས་དང་གཅིག་མཚུངས་ཀྱིས་ཨ་རིའི་སཱན་ཧྥ་རན་སི་སི་ཁོ་ཁུལ་དུ་གསར་འགོད་ལྷན་ཚོགས་ཤིག་འཚོགས་ཡོད་པ་མ་ཟད། མི་རིང་བར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་དུའང་གསར་འགོད་ལྷན་ཚོགས་ཤིག་ཀྱང་སྐོང་འཚོག་བྱེད་རྒྱུ་ཡིན་པ་རེད།།{jcomments on}