སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བཅུ་པ་མཇུག་བསྒྲིལ་བ།

ཟླ་འདིའི་ཚེས་༡༧ ཉིན་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་བཅུ་པའམ་ལས་བསྡོམས་ཀྱི་གྲོས་ཚོགས་མཇུག་བསྒྲིལ་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཇུག་བསྡོམས་ཀྱི་གསུང་བཤད་གནང་ཡོད་པ་རེད།

མཇུག་བསྡོམས་ཀྱི་གསུང་བཤད་གནང་དོན། སྟབས་ལེགས་པ་ཞིག་ལ་གྲོས་ཚོགས་འདིའི་ནང་ལས་རིམ་གང་བང་བསྒྲིགས་པ་དེ་ཆ་ཚང་གྲུབ་སོང། དེ་རིང་གྲོས་ཚོགས་ནང་དུ་དྲི་བ་གཅིག་ཀྱང་སླེབས་མ་སོང་སྙམ་ནས་དགོངས་པར་འཁོར་མི་སྲིད་པ་མ་རེད། སྐར་རྟགས་ཅན་གྱི་དྲི་བ་གཅིག་སླེབས་སོང་། དེ་དྲི་བ་གནང་མཁན་སྤྱི་འཐུས་ཀྱིས་སྐར་རྟགས་མེད་པ་བྱེད་རོགས་གསུངས་ནས་ཕར་ཕུལ་བ་རེད། ངས་དྲན་ཚོད་ལྟར་བྱས་པ་ཡིན་ན་གྲོས་ཚོགས་འདིིའི་རིང་ལ་སྐར་རྟགས་ཅན་གྱི་དྲི་བ་གཅིག་ཀྱང་བྱུང་མེད་པ་ལྟ་བུ་རེད། ཡིན་ནའང་སྐར་རྟགས་ཅན་གྱི་དྲི་བ་སླེབས་མ་སོང་ཞེས་གྲོས་ཚོགས་འཐུས་མིས་ཐུགས་ཁུར་མ་བཞེས་པ་ཞིག་ལ་ངས་ངོས་འཛིན་བྱེད་ཀྱི་མེད། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་འཚོགས་ཚར་ཙམ་ཡིན་པའི་རྐྱེན་གྱིས་ཡིན་གྱི་རེད་ཅེས་དང།

kelsanggyaltsenbawaགྲོས་ཚོགས་འདིའི་ནང་དུ་གཅིག་གིས་གཅིག་ལ་དམའ་འབེབས་བྱེད་རྒྱུ་དང། གཅིག་གིས་གཅིག་ལ་ཚིག་རྩུབ་པོ་བེད་སྤྱོད་གཏོང་རྒྱུ་ཡིན་ན་འདྲ། དེ་འདྲའི་གནས་ཚུལ་མང་པོ་ཞིག་ཡོང་གི་འདུག གཅིག་བྱས་ན་ཡར་རྒྱས་ཀྱི་རྣམ་པ་ཡིན་འགྲོ། ང་རང་ཚོའི་ནང་དུ་སྐྱོན་ཡོད་པ་དེ་ང་རང་ཚོས་བཏོན་ཐུབ་པ་དང་། བཏོན་པ་ནང་བཞིན་ངོས་འཛིན་གྱིས་ཡར་རྒྱས་ག་འདྲ་གཏོང་དགོས་མིན་ལྟ་རྒྱུ་རེད། ལེགས་པའི་ཆ་རུ་ངོས་འཛིན་བྱེད་ཀྱི་ཡོད་ན་ཡག་པོ་རེད། དེ་འདྲ་མིན་པར་ཁོས་ང་ལ་གཅིག་བཤད་སོང་། ངས་ཁོ་ལ་གཅིག་མ་བཤད་ན་འགྲིག་མ་སོང་བསམ་པའི་བསམ་བློ་དེ་རང་ཁྱེར་ནས་སོང་བ་ཡིན་ན། གྲོས་ཚོགས་ཀྱི་གནས་ཚད་འདང་གི་མི་འདུག་ཟེར་བའི་ཆ་ཤས་ཤིག་ཏུ་ཆགས་འགྲོ་ཡི་ཡོད་རེད་ཅེས་གསུངས་སོང།

མུ་མཐུད་སྤྱི་འཐུས་སྒེར་གྱི་ལས་དོན་བྱེད་ཕྱོགས་སྐོར་གསུང་དོན། སྟོང་པའི་དུས་ཚོད་བླངས་པ་དང། གྲོས་ཚོགས་ཀྱི་སྡིངས་ཆ་འདི་བེད་སྤྱོད་བཏང་ནས་སོ་སོ་སྒེར་གྱི་ཁེ་ཕན་སྐོར་བཀའ་མོལ་གསུངས་མཁན་བྱུང་སོང་། དེ་ཚོའི་གྲས་དེ་གྲོས་ཚོགས་ཀྱི་འཐུས་མི་ཡིན་པའི་ཆ་ནས་ཚད་ལས་བརྒལ་བའི་བཟང་སྤྱོད་དང་མི་མཐུན་པ་ཞིག་རེད་ཅེས་ཞུ་འདོད་བྱུང་། དེའི་རིགས་ལ་སྔོན་མ་དེ་འདྲ་ཞིག་བཤད་པ་རེད། རྗེས་མ་དེ་འདྲ་གསུང་མི་ཆོག་པ་ག་རེ་རེད་ཅེེས་རྩ་བ་ཉིད་ནས་མ་གསུང་རོགས་ཅེས་འབོད་སྐུལ་ཞུ་ཡི་ཡོད། དེ་རྩ་བ་ཉིད་ནས་ཏག་ཏག་བསྡད་ཀྱི་མི་འདུག སོ་སོ་སྒེར་གྱི་ཆེད་དུ་ཡིན་ན་སྡིངས་ཆ་ག་པར་བསྐྲུན་ནའང་བསྐྲུན་ས་ཡོད་རེད། ད་ལྟ་རང་དབང་ལུང་པའི་ནང་ལ་བསྡད་ཡོད་རེད། ཡིན་གཅིག་མིན་གཉིས་ལས་རིམ་མ་མཐུན་པ་ཞིག་གི་ནང་འཇུག་ཐབས་བྱེད་པ་དེ་འགྲིག་གི་མི་འདུག་ཅེས་ཞུ་འདོད་བྱུང་ཞེས་སོགས་ལམ་སྟོན་གསུང་བཤད་གནང་སོང་།

གྲོས་ཚོགས་ཚོགས་དུས་འདིའི་སྐབས་སུ་དང་ཐོག་དབུ་འཛུགས་སྐབས་སུ་སྤྱི་འཐུས་བཅུ་བཅར་མེད་པ་དང་། དེ་བཞིན་མཇུག་བསྡོམས་སྐབས་སུའང་སྤྱི་འཐུས་བདུན་བཅར་མེད་པ་མ་ཟད། ཚེས་༡༦ ཉིན་གྱི་ཉིན་རྒྱབ་ཚོགས་དུས་གཉིས་པར་སྤྱི་འཐུས་རྣམས་དགོངས་པ་ཞུ་མཁན་མང་དྲགས་པའི་རྐྱེན་གྱིས་གྲུབ་ཆ་མ་ཚང་བར་གྲོས་ཚོགས་འཚོགས་མ་ཐུབ་པ་བྱུང་བ་དང་། ཆུ་ཚོད་གསུམ་པ་བར་འགྱངས་དགོས་བྱུང་བའང་ཆགས་ཡོད་པ་རེད།།

{jcomments on}