མདོ་སྟོད་སྤྱི་འཐུས་འོས་མི། དབྱངས་ཅན་སྒྲོལ་དཀར།
སྡེ་དགེ་འཁོར་ཀོ་ཚང་དབྱངས་ཅན་སྒྲོལ་དཀར་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།
དབྱངས་ཅན་སྒྲོལ་དཀར་ལགས་རྒྱ་གར་དུ་འཁྲུངས་ཤིང༌། སྦེང་ལོར་གཙུག་ལག་སློབ་གཉེར་ཁང་ནས་ཚན་རིག་ཐོག་གཙུག་ལག་རམ་བྱམས་པ་(M Sc.Biotechnology) སླབ་པ་མཐར་སོན་བྱུང༌།
ཕྱི་ལོ་ ༢༠༠༧ ནས་ ༢༠༡༠ བར་ལོ་གསུམ་རིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཆུ་བཞི་སྒང་དྲུག་གཉིས་ཀྱི་དྲུང་ཆེའི་ལས་འཁུར་གནང་མྱོང་ཡོད་པ་དང༌། སྐབས་དེ་དུས་ཆབ་སྲིད་དང་སྤྱི་ཚོགས་ཞབས་ཞུ་ལ་སོགས་ལས་འགུལ་མང་པོའི་སྣེ་འཁྲིད་དང༌། དངོས་སུ་མཉམ་བཞུགས་གནང་ཡོད་པ་རེད།
ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་བའི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བའི་སྐབས་སུ་རྒྱ་གར་བྱང་ཤར་ས་གནས་གཞོན་ནུ་ལྷན་ཚོགས་ཁག་གི་གོ་སྒྲིག་ཞུས་པའི་སི་ལི་གུ་རི་ (Siliguri) ནས་འབྲས་ལྗོངས་ (Sikkm) བོད་ཀྱི་ས་མཚམས་བར་ཞི་བའི་གོམ་བགྲོད་གྱི་ལས་འགུལ་ཚོགས་ཆུང་གི་ཚོགས་མི་དང་ལས་འགུལ་ནང་མཉམ་བཞུགས་གནང་མྱོང་ཡོད།
ཁོང་ཕྱི་ལོ་ ༢༠༠༩ ཟླ་ ༣ པ་ནས་བཟུང་བྱང་ཤར་མེ་གྷ་ལ་ཡི་མངའ་སྡེའི་གྲངས་ཉུང་མི་རིགས་བལྟ་རྟོགས་ལས་གཞིའི་ཟུང་དྲུང་དུ་བསྐོ་གཞག་བྱུང་བ་དང་ད་ལྟ་ལས་འཁུར་བཞེས་མུས་ཡིན་པ་རེད། དེ་བཞིན་ཁོང་རྒྱ་གར་བྱང་ཤར་མེ་གྷ་ལ་ཡ་མངའ་སྡེ་གཞུང་གི་ད་ལྟའི་བློན་ཆེན་ཁག་དང་བློན་ཆེན་ཟུར་རྣམས་པ་དང་རྒྱུན་གཏན་འབྲེལ་ལམ་ཆེན་པོ་ཡོད་སྟབས། ཤི་ལོང་གྲོང་ཁྱེར་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་གོ་སྒྲིག་ཐེངས་མང་ཞུས་གནང་མྱོང་ཡོད་པ་རེད། ལྷག་པར་མེ་གྷ་ལ་ཡི་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་གྲོས་ཚོགས་ཀྱི་ཚོགས་གཞོན་ཟུར་པ་དང༌། ས་ཁུལ་ཚོགས་གཙོ་ (Local Chieftain) བཅས་དང་ལྷན་དུ་རྒྱུན་དུ་འབྲེལ་ལམ་ཆེན་པོ་ཡོད་སྟབས། ས་གནས་སུ་ཡོད་པའི་དགའ་ལྡན་དགོན་པ་ཉམས་གསོའི་ལས་གཞིའི་ཐོག་ས་གནས་གཞུང་ནས་རོགས་རམ་མཐུན་འགྱུར་གང་ཐུབ་ཞུ་ཐུབ་པ་བྱུང་ཡོད་པ་རེད།
ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་བའི་ལས་འགུལ་སྤེལ་བའི་སྐབས་སུ། ཨ་སམ་རྒྱལ་ས་གོ་ཝ་ཧ་ཀྲི་རུ་ (Guwahati Assam) བོད་གཞུང་མང་ཛ་དྲག་ཚོགས་ཆུང་གི་གོ་སྒྲིག་གནང་བའི་ཉིན་གསུམ་རིང་ཞི་བའི་ལས་འགུལ་སྐབས། བཀའ་འཁྲོལ་ཆོག་མཆན་དང༌། གསར་འགོད་པར་འབྲེལ་ལམ་ཞུ་རྒྱུ་སོགས་གང་ཅིའི་མཐུན་འགྱུར་གནང་སྟེ། ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ཐུབ་པ་བྱུང་ཡོད་པ་བཅས། མདོར་ན་ཁོང་ནི་བོད་པའི་བུད་མེད་ཤེས་འབྱོན་གཉིས་ལྡན་དང་ལྷག་བསམ་ཅན་ཞིག་ལ་སོང༌། ད་རེས་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མདོ་སྟོད་སྤྱི་འཐུས་སུ་འོས་འདེམས་ཡོང་སླད། མདོ་སྟོད་རྒྱ་ཆེ་མང་ཚོགས་ནས་ཁོང་ལ་རྒྱབ་སྐྱོར་གནང་སླད་ཁོང་གི་ལོ་རྒྱུས་འདི་བཞིན་བློ་གཟུ་བོར་གནས་པའི་མདོ་སྟོད་མི་མང་ཁག་གཅིག་འདོན་སྤེལ་ཞུས།