ཨབ་གྷ་ནི་སི་ཐན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ།
དེ་ཡང་ཟླ་འདིའི་ཚེས་༢༠ ཉིན་བྷི་བྷི་སིའི་སོགས་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་གྲངས་འགའི་སྔོན་ནས་ཨབ་གྷ་ནི་སི་ཐན་གྲོས་ཚོགས་ཀྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་འགོ་འཛུགས་བྱས་ཡོད་པ་དང། ཏཱ་ལི་བྷན་འཇིགས་སྐུལ་དྲག་སྤྱོད་པས་ཨབ་གྷ་ནི་སི་ཐན་གྱི་གཞུང་སྟངས་འཛིན་ཐུབ་ཆེད་དུ། འོས་འཕེན་པ་ཚོའི་ཁྲོད་དུ་འབར་རྫས་གཡུགས་ནས། མི་མང་བསད་པ་དང་རྨས་སྐྱོན་བཏང་བ་སོགས་བྱུང་ཡོད་ཀྱང། སྔོན་དང་བསྡུར་ན་ད་ཐེངས་ཀྱི་འོས་བསྡུའི་སྐབས། དྲག་སྤྱོད་པ་ཉུང་བ་དང་འོས་བསྡུའི་ནང་མི་མང་འཛུལ་ཞུགས་མང་བ་བྱུང་ཡོད་པ་རེད།
འདས་པའི་ལོ་གྲངས་༩ ཙམ་གྱི་རིང་ལ་ཨ་རིའི་དམག་དཔུང་གི་སྲུང་སྐྱོབ་འོག་ནས། ཨབ་གྷ་ནི་སི་ཐན་ནང་སྲིད་འཛིན་འོས་བསྡུ་སོགས་ཐེངས་འགའ་བྱེད་མྱོང་ཡོད་པ་དང། ད་ཐེངས་ཀྱི་འོས་བསྡུ་ཆེན་མོ་འདིའི་ནང་། ཨབ་གྷ་ནི་སི་ཐན་གཞུང་གིས་འགན་གཙོ་བོར་འཁྱེར་ཡོད་པ་དང། འོས་འཕེན་བ་ཚོའི་བདེ་འཇགས་སྲུང་སྐྱོབ་དང་འོས་སྒམ་རྣམས་དབུས་འོས་བསྡུ་ལས་ཁུངས་ནང་འབྱོར་ཐུབ་ཡོད་འདུག ལོ་འདིའི་འོས་བསྡུའི་ནང་མི་མང་འཛུལ་ཞུགས་སོགས་ལ་བལྟས་ན། ཨ་ཧྥི་གྷ་ནི་སི་ཐན་གྱི་གཞུང་དེ་མང་གཙོ་ཚད་ལྡན་ལྟ་བུ་ཆགས་འདུག་ཅེས་བརྗོད་མཁན་མང་དུ་འགྲོ་བཞིན་ཡོད་པ་དང། སྔོན་འགྲོའི་འོས་འཕེན་གྱི་གྲུབ་འབྲས་ཟླ་འདིའི་ཚེས་༢༢ ཉིན་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་དང། མཐའ་མ་དེ་འཆར་ཟླའི་ཚེས་༣༡ ཉིན་ཁྱབ་བསྒྲགས་བྱེད་གཏན་འཁེལ་ཡོད་པ་རེད།
གཞུང་ལ་ངོ་རྒོལ་བྱེད་མཁན་ཏཱ་ལི་བྷན་འཇིགས་སྐུལ་དྲག་སྤྱོད་པས། འོས་འཕེན་བ་༡༤ ཙམ་བསད་ཡོད་པ་དང་། དེའི་ནང་ནས་འོས་བསྡུའི་ལས་བྱེད་མི་༣ འཇིགས་སྐུལ་དྲག་སྤྱོད་པས་བཙན་འཁྲིད་བྱས་ནས། ཉིན་གྲངས་འགའི་རྗེས་སུ་མི་༣ གྱི་ཕུང་པོ་གཞུང་ལམ་སྟེང་དུ་གཡུགས་ཡོད་འདུག དེ་བཞིན་འོས་འཕེན་པ་ཡུལ་མི་༤༠ ལྷག་ཙམ་ལ་རྨས་སྐྱོན་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}