དཔར་རྗེས
ངོ་གདོང་ཉི་མའི་བྲང་ངོས་སྦྱར་འདོད་ཀྱིས།།
མཐའ་མེད་རྒྱ་མཚོ་ཤུགས་ཀྱིས་བཏུང་ན་ཡང་།།
བྱེ་ངོས་རྐང་རྗེས་རླུང་གིས་གཏོར་ཤུགས་ཀྱིས།།
རང་ངོ་རྨང་ནས་བཤིག་པའི་ཐན་རྟགས་ཐོན།།
བཤིག་ཤུལ་ཐལ་རྡུལ་འཚུབ་པའི་རི་མདོ་ནས།།
རང་ནོར་བོར་བརླག་སོང་པའི་ཚོང་དཔོན་བཞིན།།
རྐང་ཟུང་ནམ་མཁའ་གཏོར་པའི་རྨི་ལམ་ཅན།།
བོར་པའི་ཚོར་ཤུགས་འགོག་མེད་སྙིང་ནས་འཕྱུར།།
དཔར་ངོས་རང་དཔར་སྦྱར་པའི་འདུ་འཛིང་གིས།།
རྗེན་པའི་འཇིག་རྟེན་དྲན་རྟེན་འདྲ་སྐུར་བཞེངས།།
འདྲ་སྐུ་འཚང་ཁ་རྒོད་པའི་མིག་ངོགས་ན།།
ཡོད་ཚད་ནག་འཐོམས་སོང་པའི་མུན་ནག་གྱུར།།
སྣང་བ་གླེང་མི་ཚར་པའི་སྤང་ཐང་སྟེང་།།
མུན་པས་མུན་པར་འཐུད་པའི་གཏམ་གསོན་པོས།།
བར་ཐག་དབང་པའི་གཏམ་དེ་མི་འདོད་ཀྱང་།།
འཁོར་ལོ་འཁོར་སྟངས་དེ་ཡིས་དབང་མེད་བསྟན།།
མིག་ཟུང་ནམ་མཁར་ཕྱོགས་པའི་ཞོགས་པ་ནས།།
བྲང་གཞུང་རྗེན་པ་གཏད་པའི་སེམས་བསྐྱེད་ཀྱིས།།
སླད་མེད་གསེར་ལོ་འབར་པའི་དག་ཞིང་ན།།
ད་གཟོད་གླུ་རུ་བཞེངས་པའི་སྤོབས་པ་རྙེད།།
རླུང་བུས་ནམ་མཁར་བཀྱགས་པའི་གླེང་གཞི་ཡིས།།
དཔར་རིས་རྗེན་པར་སེམས་པའི་རྨི་ལམ་སྦྲུམ།།
རྨི་ལམ་རྨི་ལམ་ཤེས་པའི་ཞོགས་པ་ནས།།
རང་ཉིད་དཔར་རྗེས་འཚོལ་པའི་ངལ་བར་བསྟེན།།
དཔར་རྗེས་ཨུ་ཚུགས་འཐུང་པའི་འཁོར་ལོ་ཡིས།།
རང་ཉིད་རྗེན་པའི་ལམ་ནས་ཕྱིར་ཕྱུང་ནས།།
རྗེན་པ་ཡེ་ནས་བྲལ་བའི་དགུན་གཞུང་ན།།
རང་ཉིད་དཔར་རྗེས་ཅིག་གི་སར་བསྐྱལ་ཡོང་།
རྒན་འཆི་མེད་ཀྱི་ཤག་ན་ཚོར་སྣང་སྐྱེན་པོ་ཞིག་གིས་ཤར་མར་སྤེལ།