བཀའ་བློན་ཁྲི་པའི་འོས་གཞི་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ།
བཟོ་འགོའི་ལས་རོགས་ཞུས་པ་དང་ལས་རྒྱུན་རིང་གཙོ་བོ་ཚོང་ལས་ཡང་རྒྱས་གཏོང་རྒྱུས་མཚོན་ས་གནས་སུ་དངུལ་ཁང་གསར་འཛུགས་གནང་བ་དང་འབྲེལ་སུད་ཚོང་བསྐྱོད་མི་ཚོར་སྐྱེད་ཆུང་བུན་གཡར་ཐོབ་ཐབས་དང༌། གཞིས་ཆགས་ནང་དེང་དུས་དཀར་གསལ་གློག་འཁྲིད་འཛུགས་བྱ་རྒྱུ་སོགས་སྐབས་དེར་སྐད་ཡིག་གི་དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་རྨི་ལམ་དུའང་མེད་པའི་ལས་དོན་ཆེ་ཕྲ་མང་པོ་གནང་འདུག
ཕྱི་ལོ་༡༩༨༣ ནས་༡༩༨༦ བར་སིམ་ལ་བདེ་དོན་དང་བཟོ་འགོ་གཅིག་ལྕོགས་ཀྱི་ལས་ཁུར་རྩིས་ལེན་ཞུས་པ་དང་ཁུལ་དེའི་ཁ་འཐོར་མི་མང་ ༡༤༠༠ ཙམ་ལ་སྡོད་ཁང་གསར་བསྐྲུན་དང༌། འཚོ་གོས་ཐབས་འཚོལ་བྱ་ཡུལ་མངའ་གཞུང་ལ་ཁྲོམ་ས་ཞུས་ཐོབ། རུམ་བཟོའི་ཐོན་སྐྱེད་ཁག་ཕྱིར་ཚོང་ནང་འདྲེན་བྱེད་རྒྱུ་སོགས་མང་ཚོགས་ཀྱི་འཚོ་བར་སྨན་པའི་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
ཕྱི་ལོ་༡༩༨༦ ནས་ ༡༩༨༩ བར་རང་གཞུང་བཀའ་ཤག་གི་བཀའ་འབྲེལ་བཞིན་སྦིར་གསོག་སྒར་སློབ་གྲྭའི་སློབ་སྤྱི་དང་འགན་འཛིན་གཅིག་ལྕོགས་ཀྱི་ལས་རྒྱུན་རིང་གཙོ་བོ་ཤེས་ཡོན་དང་སྒྲིག་འཛུགས། ཁྱད་པར་དུ་ཆབ་སྲིད་གོ་རྟོག་བཅས་ཀྱི་ཐོག་དམིགས་བསལ་དོ་ཁུར་ཆེ་བཞེས་ཀྱིས་ནུས་པ་རྩལ་འདོན་གནང་སྟེ་ཤེས་སྤྱོད་ཐོག་རླབས་ཆེན་གྲུབ་འབྲས་ཇི་ཐོན་བོད་རགས་གཙོ་གྱུར་ཕྱི་ནང་མི་རིགས་མང་པོས་བསྔགས་བརྗོད་ཐོབ་པ་བྱུང་ཡོད།
ཕྱི་ལོ་ ༡༩༩༠ བཙན་བྱོལ་བོད་གཞུང་བཀའ་ཤག་དང་ཤེས་རིག་ལས་ཁུངས་གཉིས་ནས་ལས་དོན་བྱས་རྗེས་ཅན་ལ་དམིགས་བསལ་དགོངས་བཞེས་ཀྱིས་ཨ་རིར་སྤྱི་ཚོགས་འཛིན་སྐྱོང་སློབ་སྦྱོང་དུ་གཏོང་གནང་མཛད་འདུག
ཨ་རིར་སློབ་སྦྱོང་གི་དུས་ཡུན་རྫོགས་མཚམས་གཞུང་དང་མི་མང་ཐོག་བསམ་ཤེས་ཀྱིས་ཕྱིར་ལོག་ཕེབས་ཏེ་ལས་བཅར་ཞུས་ཏེ་ཕྱི་ལོ་༡༩༩༡ ནས་༡༩༩༦ བར་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་དང༌། དེ་རྗེས་ཟུང་འབྲེལ་དྲུང་ཆེའི་ལས་རྒྱུན་རིང་རྒྱ་བལ་འབྲུག་གསུམ་ནང་གཞིས་ཆགས་ཁག་གི་གནས་སྟངས་ལ་གཞིགས་པའི་ལས་འཆར་གསར་བསྐྲུན་དང༌། སོ་ནམ་ཐོན་སྐྱེད། བཟོ་རིགས་ཁག་སྔར་མེད་གསར་བསྐྲུན་དང༌། ཡོད་པ་རྣམས་ཕུགས་ཕན་རྒྱུན་འཛིན་སྲ་བརྟན་ཡོང་ཐབས། ལྷག་པར་གཞིས་མི་རྣམས་འཚོ་གོས་ཕྱི་བསྟེན་མི་དགོས་པར་རང་རྐང་རང་གཟུགས་འཁྱོགས་པའི་ཕུགས་འཕེར་ལས་འཆར་འདྲ་མིན་སྣ་ཚོགས་སྤེལ་གནང་བ་ནི་བོད་རིགས་གཙོ་གྱུར་ཕྱི་རྒྱལ་མི་རིགས་ཚང་མས་མཐོང་ཆོས་སུ་ཡོད་པ་ཞིག་རེད།
ཕྱི་ལོ་ ༡༩༩༦ ནས་༡༩༩༧ བོད་གཞུང་བཀའ་ཤག་གི་ལས་བྱེད་དྲག་གྲས་བཅུ་བཞིའི་ནང་ནས་འདེམས་ཐོན་གྱིས་དམིགས་བསལ་ཐུགས་རེ་ཆེན་པོས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་འཛིན་སྐྱོང་དང་རྩོམ་བསྒྱུར་པའི་ལས་འགན་ཐོག་བསྐོ་རྫོངས་གནང་བ་བཞིན་ཕྱི་ནང་གནད་ཡོད་མི་རིགས་འབྲེལ་གཏུགས་ཞུ་རྒྱུས་མཚོན་འཛིན་སྐྱོང་རོགས་དངུལ་ཐབས་འཚོལ་བྱ་རྒྱུ་དང༌། ལྷག་པར་བོད་ནང་༧གོང་ས་༧མཆོག་གི་མཛད་འཕྲིན་གཙོ་འགྱུར་བོད་དོན་ཆབ་སྲིད་དྲིལ་བསྒྲགས་བྱེད་རྒྱུ་དང༌། བོད་ནང་བོད་མི་རྣམས་དུས་འགྱུར་ཆབ་སྲིད་ཀྱི་འཕོ་འགྱུར་དང་བསྟུན་གོམ་བགྲོད་མདུན་སྤོ་བྱ་ཐབས་བཅས་ཀྱི་རྨང་གཞི་སྲ་འཛུགས་ཐུབ་པའི་དབང་གིས་དེང་སྐབས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ཞེས་རླུང་འཕྲིན་གཞན་དང་མི་འདྲ་བར་བོད་དོན་ཆབ་སྲིད་གླེང་ཡུལ་གྱིི་སྡིངས་ཆ་གཙོ་བོ་ཞིག་ཏུ་བསྒྱུར།
ཕྱི་ལོ་ ༡༩༩༧ ནས་ ༡༩༩༩ བར་ཧོན་སུར་བོད་མིའི་གཞིས་ཆགས་ཀྱི་གཞིས་འགོའི་ལས་རྒྱུན་སྐབས་གཙོ་བོ་མང་ཚོགས་ཀྱི་སོ་ནམ་ལས་གཞི་ཡར་རྒྱས་གཏོང་ཐབས་སྤྱི་དང༌། བྱེ་བྲག་ཏུ་འཐུང་ཆུ་འདྲེན་རྒྱུ། སློབ་ཕྲུག་ཚོའི་ཤེས་ཡོན་གོང་མཐོར་གཏོང་ཐབས། མཉམ་འབྲེལ་དང་སྨན་ཁང་བཅས་ཀྱི་འཛིན་སྐྱོང་སྒྲོམ་གཞི་སྲ་བརྟན། སྐྱ་སེར་ཕོ་མོ་དང་རྒན་བྱིས་དབྱེར་མེད་ནང་ཁུལ་མཐུན་ལམ་གཟོང་ཁ་ཆིག་བསྒྲིལ་ཡོང་ཐབས་བཅས་ལ་དམིགས་བསལ་ཐུགས་སྣང་ཆེ་བསྐྱེད་ཞུས་པའི་རླབས་ཆེན་གྲུབ་འབྲས་ལ་མང་ཚོགས་ཀྱི་བསྟོད་བསྔགས་བྱ་ཡུལ་ཞིག་ཏུ་གྱུར་འདུག
༡༩༩༩ ནས་ ༢༠༠༡ ལོ་སྟོད་བར་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་གྱི་ལས་རྒྱུན་རིང་གཙོ་བོ་ཆོས་བརྒྱུད་ནང་ཁུལ་མཐུན་བསྒྲིལ་སྔར་ལྷག་ཡོང་ཐབས་དང་འབྲེལ་བའི་སྒྲིག་གཅུན་བཀོད་འདོམས་གནང་རྒྱུ་དང༌། བོད་ནས་ཕེབས་པའི་གྲྭ་བཙུན་ཚོར་སྣེ་སེལ་འཚོ་སྣོན་ཐབས་འཚོལ་གནང་རྒྱུ། གཞན་ཡང་འཛམ་གླིང་ནང་པའི་ཆོས་ཚོགས་ཁག་དང་འབྲེལ་ལམ་བརྟན་ཡོང་ཐབས་སུ་ཆོས་ཚོགས་འདུ་བསྐོང་མགྲོན་འབོད་བྱ་རྒྱུ་བཅས་ལས་རྒྱུན་རིང་ཀྱི་ལས་དོན་ཚགས་ཚུད་གནང་འདུག ཕྱི་ལོ་ ༢༠༠༡ ནས་༢༠༠༣ བར་དྲུང་ཆེའི་གནས་རིམ་ཐོག་བོད་གཞུང་སྣེ་ལེན་འབྲེལ་མཐུད་ཁང་གི་འགན་འཛིན་ལས་རྒྱུན་སྐབས་བོད་ནས་ཕེབས་པའི་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེར་མེད་བལྟ་སྐྱོང་ཚུལ་མཐུན་གནང་རྒྱུ་དང༌། འཁོས་ཞན་ཉམ་ཐག་རིགས་ལ་དམིགས་བསལ་གཟིགས་སྐྱོང་གནང་རྒྱུ། ས་མཚམས་སུ་སྐོར་སྲུང་བའི་དཀའ་ངལ་འཕྲད་སྐབས་མི་འགྲོ་ཆེད་གཉེར་གནང་རྒྱུས་མཚོན་རྒྱལ་སྤྱིའི་སྐྱབས་བཅོལ་ཡིག་ཚང་དུ་ཐད་འབྲེལ་གྱིས་ཛ་དྲག་ངལ་སེལ་ཐུབ་ཐབས་སུ་རོགས་ཕན་ཞུས་པ་དང༌། ལྷག་པར་གསར་འབྱོར་རྣམས་རང་ཉིད་ཀྱི་ཐུགས་འདོད་དང་ལོ་ནར་གཞིགས་པའི་གྲྭ་ས་དགོན་སྡེ་དང་སློབ་གྲྭ་བཅས་པར་མི་འགྲོ་ཆེད་གཉེར་བྱེད་རྒྱུ། བོད་ནང་ཕྱིར་ལོག་བྱ་མི་ཚོར་ས་ཐག་རིང་ཐུང་དཔགས་པའི་ལམ་གྲོན་འདང་ངེས་སྤྲོད་རྒྱུ་བཅས་ཀྱི་ལམ་སྲོལ་གསར་གཏོད་གནང་ཡོད།
ཕྱི་ལོ་༢༠༠༣ ནས་ ༢༠༡༠ བར་བོད་གཞུང་དཔལ་འབྱོར་དྲུང་ཆེའི་ལས་འཁུར་རིང་བོད་གཞུང་ལས་ཁུངས་མ་ལག་ཁག་གི་འཆར་གསལ་རོགས་དངུལ་ཐབས་འཚོལ་བྱེད་རྒྱུ་དང༌། ལོ་འཁོར་སྔོན་རྩིས་འཆར་འབུལ་བཀའ་འཁྲོལ་བྱུང་མཚམས་སྒྲིག་མཐུན་དངུལ་རྩིས་བཏང་བཅུན་ལམ་སྟོན་བསྲི་ཚགས་ཡོང་ཐབས་བྱ་རྒྱུ། ཕྱི་ནང་རོགས་ཚོགས་ཁག་ལ་འབྲེལ་མཐུད་འཆར་འབུལ་ཞུ་རྒྱུ། སྔོན་རྩིས་ལས་འཆར་ཁག་སྒྲིག་མཐུན་བྱུང་མིན་ཐུགས་ཞིབ་ཀྱིས་འབྲེལ་ཡོད་ལས་ཁུངས་སོ་སོ་བཀོད་འདོམས་གནང་རྒྱུ་བཅས་འཐུས་ཚང་བྱུང་བར་གྲོས་ཚོགས་ནས་བསྔགས་བརྗོད་ཀྱི་མེ་ཏོག་ཐོར་བ་སོགས་སྔར་ལམ་ལོ་རྒྱུས་ནང་མ་གྲགས་པའི་གནས་སྟངས་བྱུང་འདུག
ཕྱི་ལོ་ ༢༠༡༠ ཕྱི་ཟླ་༣ ནས་ད་ལྟའི་ཆར་མ་སུ་རི་བོད་ཕྲུག་ཁྱིམ་སྡེའི་དྲུང་ཆེའི་ལས་གནས་ཐོག་ལས་ཁུར་ཞུ་མུས་ཡིན་པ་བཅས་ཁྱོན་མི་ལོ་༣༠ ལྷག་རིང་དཀའ་རྙོག་ཆེ་སའི་ས་གནས་གང་ཡིན་དུ་རང་གཞུང་ནས་ཐུགས་རེ་ཆེད་གཉེར་གནང་བ་ལྟར་དཀའ་ངལ་ལ་གདོང་ལེན་འཐབ་འཛིང་རྒྱུན་འཁྱོང་གནང་སྟེ་བྱས་རྗེས་གཟེངས་ཐོན་ཡོད་པ་ཞིག་ཡིན། མདོར་ན་རང་གི་ལང་ཚོ་ཧྲིལ་པོ་སྤྱི་དོན་ཁོ་ནའི་ཐོག་ལེགས་སྐྱེས་སུ་ཕུལ་ཏེ་ཐེག་པ་རིམ་འཛེགས་ཀྱིས་ལས་དྲུང་ནས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དྲུང་ཆེའི་གནས་རིམ་བར་ཕེབས་པའི་གཞུང་ཞབས་ཉམ་མྱོང་དང་ལྷག་བསམ་དྲང་ཚུགས་ཅན་ཞིག་ཡིན་པར་བརྟེན་བཀའ་བློན་ཁྲི་པར་འོས་ངེས་ཡིན་པས་དེ་དོན་ཚང་མས་ཐེ་ཚོམ་མེད་པར་འོས་འཕེན་ཡོང་བ་ཞུ།།