རྒྱ་གར་གཞུང་གིས་འཛམ་གླིང་རྩེད་འགྲན་གྲ་སྒྲིག་ཐུབ་མི་འདུག
ཟླ་འདིའི་ཚེས་༢༣ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་རྒྱལ་ཁབ་༥༤ ལས་གྲུབ་པའི་རྩེད་འགྲན་ཆེན་མོ་ཀོམ་མོན་ཝལ་ཐི་གྷམ་ཞེས་པ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་ལ་ཉེ་བ་དང། ཁེ་ན་ཌ་སོགས་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོའི་རྩེད་འགྲན་པ་རྣམས་རྒྱ་གར་དུ་འབྱོར་ཡོད་རུང། རྒྱ་གར་གཞུང་གིས་རྩེད་ཐང་སོགས་གྲ་སྒྲིག་འཐུས་ཚང་བྱུང་མེད་པ་དང། གྲ་སྒྲིག་ཟིན་པའི་རྩེད་ཁང་གི་ཟམ་པ་རྣམས་ཆར་ཤུགས་ཀྱིས་བརྡིབས་པ་དང། རྩེད་ཁང་གི་གཡས་གཡོན་དུ་གད་སྙིགས་སོགས་གཙང་སེལ་མ་ཐུབ་པས། རྩེད་འགྲན་པའི་བདེ་འཇགས་དང་འཕྲོད་བསྟེན་བཅས་ལ་ཉེན་ཁ་ཆེ་ཚུལ་བརྗོད་ནས། རྩེད་འགྲན་པ་མང་པོ་ཕྱི་ལོག་བྱས་དགོས་བྱུང་ཡོད་པ་རེད།
རྒྱ་གར་གྱི་ཆབ་སྲིད་མི་སྣ་དང་ཡུལ་མི་ཚོས། འཛམ་གླིང་གི་རྩེད་འགྲན་ཆེན་མོ་འདི་འདྲ་བ་ཞིག་ལ། རྒྱ་གར་གཞུང་གིས་གྲ་སྒྲིག་མ་ཐུབ་པ་ནི་འཛམ་གླིང་ནང་ངོ་གནོང་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་དང། ད་དུང་གསར་རྒྱག་ཟིན་པའི་རྩེད་ཁང་གི་ཟམ་པ་བརྡིབས་ནས། ཉེན་རྟོག་པ་དང་ལས་མི་མང་པོར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད། དེ་བཞིན་རྩེད་འགྲན་གྱི་གནད་དོན་དེ་དང་འབྲེལ་ནས། ཐཱེ་ཝན་གྱི་ཡུལ་སྐོར་སྤྲོ་འཁྱམ་པ་གཉིས་ལའང་རྨས་སྐྱོན་ཕོག་ཡོད་པ་རེད།
རྒྱ་གར་གྱི་སྲིད་བློན་མཆོག་གིས། རྒྱ་གར་དབུས་རྩེད་མོའི་བློན་ཆེན་དང་འབྲེལ་ཡོད་ཨར་ལས་དོ་དམ་པ་ཆེད་བསྐོངས་ཀྱི་ཚོགས་འདུ་འཚོགས་ཡོད་པ་དང། ལྡི་ལིའི་མངའ་སྡེའི་བློན་ཆེན་གྱིས་ཨར་ལས་པ་ཚོར། གད་སྙིགས་གཙང་སེལ་མགྱོགས་པོར་བྱེད་དགོས་པའི་བཙན་སྐུལ་བྱས་པ་སོགས། དེང་སྐབས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཆར་ཤུགས་ཀྱིས་གཙང་པོ་རྒྱས་པའི་དཀའ་ངལ་དང། འཛམ་གླིང་རྩེད་འགྲན་གྱི་གྲ་སྒྲིག་མ་ཐུབ་པའི་དཀའ་ངལ་སོགས་འབྱུང་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}