དུས་ཐོག་གསར་འགྱུར་ཉན་ཕྱོགས་སྐོར་ལ་ཟབ་སྤྱོང་སྤྲད་པ།

རླུང་འཕྲིན་ཁང་དེའི་འགན་ལེན་མཁན་སོག་རྫོང་བསྟན་པ་འབྲུག་གྲགས་ལགས་ཀྱིས་ཐོག་མར་བོད་སྐད་རླུང་འཕྲིན་ལས་ཁུངས་དེ་གསར་འཛུགས་བྱས་ཏེ་དུས་ཡུན་རིང་པོ་ཕྱིན་མེད་ཀྱང་། ས་གནས་བོད་རིགས་ཚོས་དགའ་པོ་བྱེད་ཀྱི་ཡོད་རེད་ལ་ང་ཚོའི་ངོས་ནས་ཀྱང་༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་ཀྱི་སྐོར་དང་བཙན་བྱོལ་བོད་གཞུང་དམངས་ཡོངས་ཀྱི་སྤྱི་བྱེ་བྲག་གི་ཡོངས་ཁྱབ་གསལ་བསྒྲགས་ཁག་དང་བོད་སྤྱི་པའི་ལས་དོན་བྱེད་སྒོ་ཡོད་ཚད་རླུང་འཕྲིན་འདིའི་ཐོག་ནས་སྒྲོགས་སྦྱང་བྱེད་བཞིན་ཡོད་སྐོར་དང་། ས་གནས་མི་མང་ཡོངས་ཀྱིས་དུས་ཐོག་དུ་ཉན་དགོས་གལ་ཆེ་བ་དང་། རླུང་འཕྲིན་ཁང་འདི་ཆེད་འཛུགས་བྱེད་དགོས་དོན་གཙོ་བོ་ས་གནས་མང་ཚོགས་ཀྱི་བོད་མི་ཚོས་རང་གི་རྒྱལ་རབས་ལོ་རྒྱུས་དང་ཐུན་མིན་རིག་གནས་སོགས་ལ་གོ་རྟོགས་ལེགས་པོ་ཡོང་བ། ལྷག་པར་དུ་ཨོ་སི་ཁྲུ་ལི་ཡར་གནས་པའི་བོད་པའི་བུ་ཕྲུག་རྣམས་ཀྱིས་བོད་སྐད་བོད་ཡིག་ལ་དོ་སྣང་དང་སློབ་སྦྱོང་ཡོང་བར་རམ་འདེགས་ཡག་པོ་ཞིག་དུ་ངོས་འཛིན་བྱེད་བཞིན་ཡོད་སྐོར་སོགས་ཀྱི་ཐད་ལ་འགྲེལ་བརྗོད་བྱས་སོང་།

དེ་རྗེས་རླུང་འཕྲིན་ཁང་གི་ལས་བྱེད་ཡེ་ཤེས་དཔལ་མོ་ལགས་ཀྱིས་རླུང་འཕྲིན་ཁང་གི་ལས་རིམ་སྒྲིག་ཕྱོགས་ཀྱི་སྐོར་ལ་བཤད་དོན། ང་ཚོའི་རླུང་འཕྲིན་ཁང་གིས་རེས་གཟའ་ཕུར་བུའི་ཉིན་མོ་ཕྱི་ཡོལ་ཆུ་ཚོད་༣ པ་ནས་༤ །༣༠ བར་རྒྱང་བསྲིང་བྱེད་བཞིན་ཡོད། དེའི་ཐོག་བདུན་ཕྲག་རེ་རེ་བཞིན་བོད་དོན་དང་རྒྱལ་སྤྱིའི་གནས་ཚུལ་ཁག་དང་། ས་གནས་རང་གི་གསལ་བསྒྲགས་དང་གསར་འགྱུར་སོགས་གཏོང་གི་ཡོད། དེ་བཞིན་རླུང་འཕྲིན་ཁང་འདི་ནི་བོད་མི་རང་གི་ཆེད་དང། ལྷག་པར་དུ་ཡུལ་འདི་ནས་ནར་སོན་པའི་བོད་ཕྲུག་གཞོན་ནུ་ཚོའི་ཆེན་དུ་ཡིན་སྟབས། བདུན་ཕྲག་རེའི་ནང་ནས་སློབ་ཕྲུག་གཉིས་མགྲོན་འབོད་ཀྱིས་སློབ་ཕྲུག་ལོ་ཆུང་ཚོར་མིག་དཔེ་ཡག་པོ་ཡོང་ཆེད་དང་སྤོབས་པ་སྐྲུན་ཆེད། རང་གི་སྐད་དང་ཡིག་གེ་ལ་བྱང་ཆ་ཡག་པོ་ཡོང་ཆེད་དུ་བོད་ཀྱི་ལོ་རྒྱུས་དང་། བཀའ་སློབ། ལེགས་བཤད་སོགས་ནས་ཟུར་བཏོན་བྱས་པའི་སྒྲུང་ཐུང་སོགས་ཀློག་འདོན་བྱེད་ཀྱི་ཡོང་རེད། དེ་མིན་ས་གནས་རང་ལ་ཡོད་པའི་ལོ་རྒྱུས་ལ་མཁས་པ་དང་། རིགས་གཅིག་རྐང་འཛིན་ཀྱི་ལས་རིགས་ལ་གོམས་འདྲིས་ཡོད་མཁན་དེ་འདྲ་ཡོད་ཚེ་མི་མང་ལ་ངོ་སྤྲོད་ཀྱི་ཆེད་དུ་རླུང་འཕྲིན་ཁང་གིས་བཅར་འདྲི་བརྒྱུད་དེ་གསལ་བསྒྲགས་བྱེད་ཀྱི་ཡོད་པ་རེད་ལ། ཚང་མས་དོ་སྣང་བྱེད་རོགས་གྱིས་ཞེས་གསལ་བཤད་བྱས་སོང་།

དེ་རྗེས་ཟབ་སྦྱོང་ཐོག་མི་མང་གིས་ཁྱེར་ཡོང་བའི་རླུང་འཕྲིན་འཕྲུལ་ཆས་དེ་དག་གི་གློག་འཕྲིན་འོད་ཚད་༨༨་༧ དང་ ༩༠་༣ གྱི་ཐོག་ནས་རྒྱང་བསྲིང་བྱེད་ཕྱོགས་ལམ་སྟོན་བྱས་སོང་། རླུང་འཕྲིན་ཁང་དེར་ད་ལྟའི་ཆར་ལས་བྱེད་པ་ལྔ་ཡོད་པ་རྣམས་ནི། སོག་རྫོང་བསྟན་པ་འབྲུག་གྲགས་དང་། ངག་དབང་ཆོས་འཕེལ། ལུང་རྟོགས། དཀར་མཛེས་ནོར་བུ་དགྲ་འདུལ། ཡེ་ཤེས་དཔལ་མོ་བཅས་ཡིན་པ་རེད།།

བོད་ཀྱི་བང་ཆེན་ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་སིཌི་ནེ་ནས།

{jcomments on}