བོད་རང་བཙན་བྱུང་ན་བསམ་པ་དེ་དམིགས་ཡུལ་ཡིན།
ཆབ་སྲིད་བཙོན་ཟུར་གྲགས་ཅན་དཔལ་ལྡན་ཆོས་སྒྲོན་ལགས་ནི། ད་ལྟ་རང་ལོ་༣༧ ཡིན་པ་དང་། ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སྙེ་མོ་རྫོང་སྙེ་མོ་ཤང་ནས་ཡིན་པ་རེད། དེ་སྔོན་ཤུགས་གསེབ་དགོན་པའི་བཙུན་མ་ཡིན་འདུག ཕྱི་ལོ་༡༩༩༠ ལོའི་ཟླ་༨ ཚེས་༢༨ ཉིན་ཁོང་དང་དགོན་པ་གཅིག་པའི་བཙུན་མ་ལྔ་དང་མཉམ་དུ་ལྷ་སའི་བར་སྐོར་ནང་བོད་རང་བཙན་གྱི་སྐད་འབོད་ཁྲོམ་སྐོར་བྱས་སྐབས་འཇུ་བཟུང་བྱས་ཤིང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ལོ་༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་རྗེས་གྲ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད། ༡༩༩༣ ལོའི་ཟླ་༣ པའི་གྲ་བཞི་བཙོན་ཁང་དུ་ཁོང་དང་རོགས་པ་བཙུན་མ་བཅུ་གསུམ་གྱིས་བོད་རང་བཙན་སྐོར་གྱི་གླུ་གཞས་སྒྲ་འཇུག་བྱས་རྐྱེན་བཙོན་འཇུག་དུས་བཀག་ལོ་༥ སྤར་ཡོད་པ་རེད། ༡༩༩༨ ལོའི་ཟླ་༨ ནང་དུས་བཀག་རྫོགས་ཏེ་གྲ་བཞི་བཙོན་ཁང་ནས་གློད་གྲོལ་ཐོབ་འདུག
དེ་རྗེས་ཕྱི་ལོ་༡༩༩༩ ལོའི་ཟླ་༤ པའི་ནང་ལྐོག་ཏུ་རྒྱ་གར་ལ་བྲོས་བྱོལ་ཡོང་བའི་ལམ་བར་དུ་ནག་ཆུ་ནས་འཇུ་བཟུང་བྱས་ཏེ། ལོ་༡ རིང་ངལ་རྩོལ་སློབ་བཅུན་བཟོས་ཏེ་ཁྲི་ཟམ་ངལ་བཅུན་ཁང་དུ་བཅུག་སྟེ་༢༠༠༠ ལོའི་ཟླ་༤ པའི་ནང་གློད་གྲོལ་ཐོབ། དེ་ནས་ཕྱི་ལོ་༢༠༡༠ ལོའི་ཟླ་༨ པའི་ནང་ལྐོག་ཏུ་བྲོས་བྱོལ་ལ་ཡོང་ནས་ཕྱི་ཟླ་༩ པའི་ཟླ་མགོར་དྷ་རམ་ས་ལར་འབྱོར་བ་ཞིག་དང་། ད་སྐབས་གསོག་སྒར་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པ་རེད།
དཔལ་ལྡན་ཆོས་སྒྲོན་ལགས་ཀྱིས་བཙོན་ཁང་དུ་མནར་གཅོད་གཏོང་སྟངས་སྐོར་ངོ་སྤྲོད་གནང་དོན། མནར་གཅོད་གཏོང་སྟངས་མང་པོ་ཡོད་པའི་ནང་ནས་གློག་གཏོང་བ་དེ་འཇིགས་སྣང་ཆེ་ཤོས་དང་། སྡུག་ཤོས་དེ་རེད། སྔོན་མའི་ཁ་པར་དང་འདྲ་བའི་ལྕགས་གོར་མོ་ཞིག་གཟུགས་པོའི་སྒང་ལ་སྦྱར་ནས་གློག་གཏོང་བའི་སྐབས་སུ་སྐད་རྒྱག་མཁན་ཞིག་འདུག ང་ལ་གློག་དེ་ལག་པ་དང་། སྒལ་པ། རྐང་མཐིལ་བཅས་ལ་སྦྱར་ཐེངས་གསུམ་ཙམ་མནར་གཅོད་བཏང་བྱུང་། དེའི་སྐབས་སུ་གཟུགས་པོ་ཡོངས་རྫོགས་བཙོས་པ་བཞིན་རེད་འདུག དེ་ནས་གཟུགས་པོ་ཚང་མ་འདར་སིག་ཤོར་གྱི་འདུག དོན་ལྔ་སྣོད་དྲུག་ཚང་མ་ཁ་ནས་དོན་འགྲོ་ཡི་ཡོད་པའི་སྣང་བ་ཤར་གྱི་འདུག དེའི་སྐབས་སུ་དམྱལ་བ་ཡིན་ནའང་འདི་ལས་སྡུག་པ་ཡོད་ཀྱི་མ་རེད་བསམ་དགོས་པ་ཞིག་རེད་འདུག དེ་ནས་དཔྲལ་བའི་དཀྱིལ་དུ་བཞུས་ནས་བསྐྲངས་རྗེས། མི་ཚོས་ང་ལ་ཁྱོད་རང་ལ་གདོང་འཕར་མ་ཞིག་སྐྱེས་འདུག་ལབ་ཀྱི་འདུག མགོ་ཡི་ལྟག་རྒྱབ་གྱང་ལ་བཀར་ནས་མིག་གཉིས་པོའི་སྒང་ལ་མཛུབ་མོ་འཛུགས་ཀྱི་འདུག དེའི་སྐབས་སུ་མིག་རིལ་ཕྱི་ལ་བཏོན་སོང་བསམ་པ་ལྟ་བུའི་ན་ཚ་གཏོང་གི་འདུག དེ་ནས་ལག་པ་རྒྱབ་ལ་བཀྱིག་ནས་གནམ་ལ་བཏགས་པ་སོགས་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
མུ་མཐུད་ཁོང་གི་ནང་མིའི་སྐོར་བརྗོད་དོན། ངའི་ཅོ་ཅོ་ལ་ཆ་བཞག་ན་ཨར་པོ་བརྒྱབ་ནས་ཉིན་རེར་སྒོར་ལྔ་རེ་རག་གི་ཡོད་རེད། དེ་བསགས་ནས་ཟླ་རེའི་ནང་ཐེངས་རེ་ང་ཐུག་པར་ཡོང་གི་རེད། དེ་ནི་ཕྱིའི་དཔལ་འབྱོར་གྱི་གནས་སྟངས་ཙམ་རེད། ནང་གི་སེམས་ལ་སྡུག་བསྔལ་བཟོས་པ་དཔེར་ན། ངའི་ཨ་ཅག་ངའི་ཆེད་དུ་རྟག་པར་ངུས་ནས་མིག་ལོང་བ་ཆགས་གྲབས་བྱས་པ་རེད། རླུང་གི་ན་ཚའི་རྐྱེན་གྱིས་སྐྲ་ཡང་ཡག་པོ་མེད་པ་ཆགས་པ་རེད། འོན་ཀྱང་ཁོང་ཚོའི་ཁ་ནས་ཁྱེད་རང་དེ་འདྲ་བྱེད་རྒྱུ་ཡོད་མ་རེད་ལབ་ཀྱི་མི་འདུག གང་ཡིན་ཟེར་ན། བོད་སྤྱི་པའི་དོན་དག་ལ་ལས་ཀ་བྱེད་རྒྱུ་གལ་ཆེན་པོ་ཞེ་དྲག་རེད་བསམ་གྱི་ཡོད་པ་རེད།
ཁོང་གི་རོགས་པ་རྣམས་ཀྱི་སྐོར་ལ་བརྗོད་དོན། གཞས་སྒྲ་འཇུག་བྱེད་མཁན་གྲས་བཙུན་མ་བཅུ་བཞིའི་ནང་ནས་མང་ཆེ་བ་བོད་ནང་དུ་ལྷག་བསྡད་ཡོད་པ་རེད། ཕྱི་ལོགས་སུ་མི་བཞི་མ་གཏོགས་གཞན་རྣམས་བོད་ལ་ཡོད་རེད། དེ་དག་ཚང་མའི་གནས་སྟངས་ཧ་ཅང་སྐྱོ་པོ་རེད། ཁ་ཤས་ཟ་ཁང་གི་ཕོར་པ་བཀྲུ་བར་འགྲོ་ཡི་འདུག ཁ་ཤས་གད་ཕྱིས་རྒྱག་སར་འགྲོ་ཡི་འདུག ཁ་ཤས་ལམ་འགྲམ་དུ་ཙག་ཙིག་བཙོང་ནས་ཉེན་རྟོག་པ་ཡོང་སྐབས་བྲོས་དགོས་པ་དེ་འདྲའི་འཚོ་བ་སྐྱེལ་གྱི་ཡོད་རེད། ལས་ཀ་རག་རྒྱུ་ཁག་པོ་རེད། ཆབ་སྲིད་ཀྱི་འབྲེལ་བ་ཡོད་སྟབས་ལས་ཀར་བཅུག་མཁན་རག་གི་མ་རེད། ང་འདིར་ལས་ཀར་བཅུག་རོགས་ཞེས་ལབ་དུས་ཁྱེད་རང་ག་ནས་ཡོང་བ་ཡིན་ཞེས་ལབ་ཀྱི་འདུག དེ་ནས་ཁྱོད་རང་ལ་ཆབ་སྲིད་ཀྱི་གནད་དོན་ཡོད་དམ་ཞེས་འདྲི་ཡི་འདུག ང་བཙོན་ཁང་ནས་བསྡད་མྱོང་ཡོད་ལབ་ན་ཁོ་ཚོ་ཞེད་ཐག་ཆོད་འགྲོ་ཡི་འདུག གང་ཡིན་ཟེར་ན། རྒྱ་མིའི་ཁྲིམས་ལ་ཞེད་ཀྱི་ཡོད་རེད། དེར་བརྟེན་ལས་ཀར་རྩ་བ་ནས་བཅུག་མི་སྲིད་པ་རེད་ཅེས་དང་།
བཙོན་ཁང་ནང་ཡོད་སྐབས་འདྲི་བརྩད་བྱེད་སྟངས་སྐོར་གསུང་དོན། རྒྱ་མིའི་ཉེན་རྟོག་པ་ཚོས་གཙོ་བོ་སྐད་ཆ་བོད་རང་བཙན་ཡིན་ཟེར་བའི་རྒྱུ་མཚན་ག་རེ་ཡིན། ཁྱེད་རང་ལོ་ཆུང་ཆུང་དེ་འདྲ་བོད་རང་བཙན་ཡིན་ཞེས་ཡོང་དགོས་དོན་ཁྱོད་རང་གི་རྒྱབ་ལ་ངན་སྐུལ་བྱེད་མཁན་ཞིག་ཡོད་ཀྱི་རེད། རང་གི་འགོ་པ་སུ་རེད། སྔོན་ལ་འགྲོ་ཟེར་མཁན་སུ་རེད། བོད་རང་བཙན་གྱི་དར་ཆ་ག་ནས་རག་བྱུང་ཞེས་འདྲི་ཡི་འདུག དེའི་སྐབས་ལ་ང་ཚོས་ངན་སྐུལ་བྱེད་མཁན་མེད། དམིགས་ཡུལ་ནི། བོད་དེ་སྔོན་མ་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་རེད། ད་ལྟ་ཡིན་ཡང་རང་བཙན་ཞིག་བྱུང་ན་བསམ་ནས་ཡོང་བ་ཡིན་ཞེས་ལན་འདེབས་བྱས་པ་ཡིན་ཞེས་སོགས་འགྲེལ་བརྗོད་གནང་སོང་།།
{jcomments on}