འཇིགས་མེད་འབྱུང་གནས་ཀྱི་ཐག་སྣེ་ན་འཁྲབ་བཞིན་པའི་འདྲ་གཟུགས་རྒྱ་རི་སྒྲོལ་མ།

སྔོན་མ་ལ་དྭགས་ཀྱི་སེང་གེ་གཙང་པོའི་འགྲམ་དུ་ཡོད་པའི་བརྒྱ་ཤོག་ཅིག་ཆུའི་ཉེན་ཁ་ཡོད་ཚུལ་བརྟེན་ནས་གནས་སྤོས་བྱེད་པའི་སྐབས། འཇིགས་མེད་འབྱུང་གནས་ལགས་བྲག་གཡབ་བསོད་ནམས་སྟོབས་རྒྱལ་གྱིས་དབུ་ཁྲིད་པའི་ལ་ལུ་པྲ་ས་ཏར་གྲགས་པའི་བཀའ་ཤག་གི་སྐབས་སུ། སྒྲིག་འགལ་གྱིས་ནང་སྲིད་དྲུང་ཆེ་རུ་གནས་སྤོས་བྱས་ཡོད་པ་དང་། སྐབས་དེ་དུས་འཇིགས་མེད་འབྱུང་གནས་ཀྱིས་བཀྲ་ཤིས་སྟོབས་རྒྱལ་ལ་ཁང་པ་དེ་དག་རྒྱག་རྒྱུའི་ཉམས་མྱོང་མེད་བཞིན་དུ་ལས་འཆར་དེ་ཁོང་ལ་བོག་མར་བཏང་འདུག རྗེས་སུ་ཐོག་མའི་འཆར་གཞི་ལྟར་བྱུང་མེད་པས། ས་གནས་བོད་ཁྱིམ་སློབ་གྲྭའི་ལས་བྱེད་ཅིག་གིས་བཀའ་ཤག་ལ་སྙན་གསན་ཞུས་ཀྱང་། ལ་ལུ་པྲ་ས་ཏར་གྲགས་པའི་བཀའ་ཤག་གིས་ཐག་གཅོད་གང་ཡང་བྱས་མེད་པ་རེད།

དེའི་རྗེས་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་ཕེབས་པའི་རྗེས་སུ་འཇིགས་མེད་འབྱུང་གནས་ལགས་དྲུང་ཆེར་བསྐོ་སྟངས་དང་སྒྲིག་མཐུན་བྱུང་མེད་པ་དང་། གོང་གསལ་ལས་འཆར་དེ་ཚད་ལྡན་བྱུང་མེད་པས་གནས་རིམ་ཕབས་པའི་གནས་ཚུལ་བྱུང་ཡོད་འདུག གནད་དོན་འདི་དག་གིས་ག་རེ་གསལ་བཤད་བྱེད་ཀྱི་ཡོད་ཅེ་ན་འཇིགས་མེད་འབྱུང་གནས་ལགས་དང་། བཀྲ་ཤིས་སྟོབས་རྒྱལ་གྱི་འབྲེལ་བ་མཚོན་གྱི་ཡོད་པ་རེད།

འཇིགས་མེད་འབྱུང་གནས་ཀྱིས་ཕྱི་ཚུལ་དུ་བཀའ་བློན་ཁྲི་པ་པདྨ་འབྱུང་གནས་མཆོག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མདོག་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཁོང་གི་བཀའ་བློན་ཁྲི་པ་དེ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ཡིན་པ་ཧ་ཅང་གསལ་པོ་ཡིན་འདུག དེའི་རྒྱུ་མཚན་ཉེ་བའི་ཆར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལྷོ་ཕྱོགས་སུ་ཕེབས་པའི་སྐབས། བྷེང་ལོར་ནས་སྣེ་ལེན་ཞུ་མཁན་རྒྱ་རི་བུ་ཕྲུག་ལགས་ཡིན་པ་དང་། བྷེལ་ཀོབ་ནས་སྣེ་ལེན་བྱེད་མཁན་གཙོ་བོ་འཇིགས་མེད་འབྱུང་གནས་ལགས་ཡིན་འདུག དེ་བཞིན་བཀྲ་ཤིས་ལྷུན་པོ་དགོན་པར་གདན་འདྲེན་ཞུ་མཁན་བཅས་གྲ་སྒྲིག་ཚང་མ་ཞུ་མཁན་རྩིས་དྲུང་ཟུར་པ་འཇིགས་མེད་འབྱུང་གནས་ལགས་ཡིན་པ་རེད། དེ་ཙམ་དུ་མ་ཟད་ཧུན་སོར་གཞིས་ཆགས་སུ་གདན་འདྲེན་ཞུས་ནས་མི་མང་ལ་གསུང་བཤད་གནང་རྒྱུའི་གྲ་སྒྲིག་བྱེད་མཁན་ཚང་མ་འཇིགས་མེད་འབྱུང་གནས་ལགས་རེད། དེར་བརྟེན་ཁོང་གིས་བཀའ་བློན་ཁྲི་པ་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསལ་པོ་ཆགས་པ་རེད། སྤྱིར་མི་སོ་སོས་བཀའ་ཁྲི་སུ་ལ་རྒྱབ་སྐྱོར་བྱེད་མིན་དེ་རང་དབང་ཡིན་སྟབས་སུ་གཅིག་ལ་བྱུས་གཏོགས་མེད་ཀྱང་། བཀྲ་ཤིས་སྟོབས་རྒྱལ་གྱིས་རྒྱ་རི་སྒྲོལ་མ་ལ་རྒྱབ་སྐྱོར་བྱེད་སྟངས་ལ་བལྟས་ན་དེ་ཁ་ཙམ་གྱི་རྒྱབ་སྐྱོར་ཡིན་དང་། དོན་གྱིས་རྒྱབ་སྐྱོར་ཡིན་ཧ་ཅང་གསལ་པོ་རེད་འདུག

རྒྱ་རི་སྒྲོལ་མ་མཆོག་བུད་མེད་འཇོན་ཐང་དང་ཤེས་ཡོན་ཅན་ཞིག་ཡིན་མོད། ད་ལྟའི་ཆར་ཁོང་ཚོའི་བེད་སྤྱོད་ཀྱི་ལག་ཆར་གྱུར་ཡོད་པ་ཧ་ཅང་གསལ་པོ་རེད། འཇིགས་མེད་འབྱུང་གནས་ལགས་ཀྱིས་བཀྲས་མཐོང་ལ་འོས་འཐོབ་ཆེད། དེའི་ཁ་གཏད་ཆེ་ཤོས་མཁས་དབང་བློ་བཟང་སེང་གེའི་འོས་ཤོག་ཁ་འཐོར་དུ་གཏོང་རྒྱུའི་ནུས་པ་ཆེ་ཤོས་རྒྱ་རི་སྒྲོལ་མ་ཡོད་པ་ཤེས་ནས་བཀྲ་ཤིས་སྟོབས་རྒྱལ་ལགས་བེད་སྤྱོད་ཐེངས་གཅིག་བྱས་འདུག་པ་དང་། རྒྱ་རི་སྒྲོལ་མས་སྐད་ཆ་དེ་དངོས་གནས་ཡིན་ཤག་བྱས་པ་ཞིག་རེད།

ད་ལོ་རྒྱ་རི་སྒྲོལ་མ་སྤྱི་འཐུས་སུ་ལང་གི་མིན་ཞེས་ཁྱབ་བསྒྲགས་གནང་ཟིན་པ་རེད། བཀའ་ཁྲིར་སླེབས་ཀྱི་མིན་པ་ཧ་ཅང་གསལ་པོ་ཆགས་ཟིན་པ་རེད། འོན་ཀྱང་མོ་ལ་རེ་བ་ཆེ་ཤོས་དེ་བཀའ་བློན་ཁྲི་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་སླེབས་སོང་ན་བཀའ་བློན་ཞིག་ཏུ་བསྐོ་རྒྱུ་དེ་རེད། གལ་སྲིད་དེ་མ་བསྐོས་ན་རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར་ཟེར་བ་ལྟ་བུ་གང་ཡང་མེད་པ་ཞིག་ཏུ་གྱུར་པ་རེད། རྒྱ་རི་སྒྲོལ་མ་གཉིད་སད་ནས་སྤྱི་འཐུས་སུ་ལང་རྒྱུ་དེ་གལ་ཆེན་པོ་རེད། བློ་བཟང་སེང་གེ་ལ་ཕན་གནོད་ཆེན་པོ་བྱེད་ཐུབ་མིན་གང་ལྟར་ཡང་། མོ་རང་རྗེས་མ་སྤྱི་འཐུས་ཚོགས་གཙོའམ། ཚོགས་གཞོན་གང་རུང་ཞིག་ཏུ་འཁོད་རྒྱུ་ཡིན་པ་གསལ་པོ་རེད། དེར་བརྟེན་ད་རེས་ཀྱི་འཁྲབ་སྟོན་འདིའི་ནང་དུ་ང་ཚོའི་སྲིད་དོན་པ་ཆེ་ཤོས་ཡིན་པ་ཁོང་ཡང་མགོ་སྐོར་ཆེན་པོ་ཞིག་ཐེབས་འདུག

བཀྲ་ཤིས་སྟོབས་རྒྱལ་གྱིས་རྒྱ་རི་སྒྲོལ་མའི་འོས་ཤོག་ཁྱབ་བསྒྲགས་བྱེད་པའི་སྐབས་སུ་བེད་སྤྱོད་བྱ་རྒྱུའི་མི་དེ་ཡབ་ཆེན་པ་སངས་ཚེ་དབང་ཟེར་བ་དེ་རེད། དེ་ལ་བརྟེན་ནས་དབུས་གཙང་མི་མང་གིས་རྒྱ་རི་སྒྲོལ་མ་རྣམ་རྟོག་ལང་པ་ལས་རྒྱབ་སྐྱོར་གཏན་ནས་བྱེད་ཀྱི་ཡོད་པ་མ་རེད། མདོ་སྟོད་པ་ཁག་ཅིག་གིས་ཁོང་ཏྲེ་ཧོར་གཟིག་རྒྱབ་སྤྲུལ་སྐུའི་ཡབ་ཆེན་ཡིན་སྟབས་ཁོང་ལ་མཐོང་དང་ཆ་འཇོག་ཅུང་ཙམ་ཡོད་པ་རེད། མི་བེད་སྤྱོད་བྱ་རྒྱུ་འདྲ་མིན་ཡོད་ཀྱང་ཡབ་ཆེན་པ་སངས་ཚེ་དབང་བེད་སྤྱོད་བྱས་པ་དེ་དངོས་གནས་འཁྲབ་མཁས་པོ་རེད། ཧང་སངས་དགོས་པ་ཞིག་རེད། རྩིས་ཞིབ་དྲུང་ཟུར་འཇིགས་མེད་འབྱུང་གནས་ལགས་ད་ལོ་དབུས་གཙང་སྤྱི་འཐུས་སུ་སླེབས་རྒྱུ་ཡིན་པའང་ཧ་ཅང་གསལ་པོ་ཡིན་ཚུལ་བརྗོད་མཁན་འདུག དངོས་གནས་བཤད་ན་རྒྱ་རི་སྒྲོལ་མ་མགོ་སྐོར་ཆེན་པོ་ཞིག་ཐེབས་འདུག ལས་འགུལ་སྤེལ་མཁན་དུ་ཡབ་ཆེན་པ་སངས་ཚེ་དབང་བེད་སྤྱོད་བཏང་བས། ཡབ་ཆེན་པ་སངས་ཚེ་དབང་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ལགས་སྤྱི་རྒྱུ་སྒེར་བདག་བྱེད་མཁན་ཡིན་ཚུལ་གྱིས་ཁྲིམས་གཏུགས་བྱས་ནས་ཕམ་དུ་འཇུག་མཁན་དེ་རེད། ཟླ་བ་ཚེ་རིང་གི་ཕྱོགས་གཏོགས་དབུས་གཙང་དབུས་རྒྱུན་རྣམ་པ་བཅས་ཀྱིས་སྣང་བར་གཏན་ནས་མི་འགྲོ་བ་བ་མ་ཟད། དབུས་གཙང་མི་མང་གི་སྣང་བར་ཡང་གཏན་ནས་མི་འགྲོ་བས་འདི་ཚོ་སྲིད་དོན་འཁྲབ་སྟངས་ཧ་ཅང་མཁས་པོ་ཞིག་རེད།།

བསམ་ཚུལ་འདི་ཁ་བརྡའི་མཆན་དང་། བང་ཆེན་ཟིན་བྲིས་སུ་བཀོད་ཡོད།

རྩོམ་སྒྲིག་པའམ། ཡང་ན་ལས་རོགས་གང་ཡིན་མི་ཤེས་ཀྱང་བོད་ཀྱི་བང་ཆེན་གྱིས་ངའི་ཟིན་བྲིས་ཁག་ཅིག་ཆེད་དུ་བསུབ་སོང་བས་འདི་མི་བསུབ་པའི་རེ་བ་ཡོད།

བསོད་ནམས་ཚེ་རིང་གིས་ལྷོ་ཕྱོགས་ནས།