ཡུལ་འདིའི་མི་ཚང་མ་ཤི་ཡང་འགྱོད་པ་སྤུ་ཙམ་མེད།
ཡུལ་མི་རྣམས་ཀྱིས་དོགས་ཟོན་གྱིས་མཚན་ལ་སོ་ལྟ་བྱས་སྐབས་རྒྱ་མིའི་ལས་བྱེད་དེ་རྣམས་ཀྱིས་རི་དེ་ནས་རྡོ་ཁ་ཤས་མོ་ཊའི་ནང་བླུགས་ནས་ཡུལ་གཞན་ལ་དབོར་བ་མཐོང་འདུག
ལོ་ཁ་ཤས་སྔོན་དུ་ས་གནས་དེ་རང་ནས་གཏེར་ཁ་འདོན་ཐབས་བྱས་ཡོད་ཀྱང་ནང་ཁུལ་མ་འཆམ་པ་བྱུང་ནས་རྒྱ་མིའི་བསམ་པ་ལྟར་འགྲུབ་མེད། རྒྱུ་མཚན་དེ་གཉིས་ཀྱིས་རྐྱེན་པས་ཡུལ་མི་རྣམས་ཀྱིས་ལབ་གླེང་མང་པོ་བྱུང་ཞིང་། རྗེས་སུ་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྫོང་དེའི་ཁོངས་གཏོགས་ཕལ་ཆེར་གྲོང་ཚོ་རེར་འཐུས་མི་རེ་དང་ཉེ་འཁོར་དུ་ཡོད་པ་རྣམས་ནས་དུད་མི་རེ་འཛོམས་འདུག དེའི་རྐྱེན་གྱིས་བྱང་ནག་ཆུ་རུ་གནས་སྡོད་འབྲི་རུའི་ཡུལ་མི་མོ་ཊ་ཆེ་ཆུང་ཉི་ཤུ་ཙམ་ས་གནས་དེར་འབྱོར་ཡོད་པ་རེད།
དེ་ནས་ཡུལ་མི་རྣམས་ཀྱིས་རྒྱ་མི་ཚོ་དང་་གདོང་ཐུག་གིས་བརྗོད་དོན། ཁྱོད་ཚོས་འདིར་གློག་ཁང་རྒྱག་པའི་ཆེད་དུ་རེད་མི་འདུག རི་ལས་གཏེར་རྫས་འདོན་པའི་ཆེད་དུ་རེད་འདུག ཁྱོད་ཚོ་ད་ལྟ་རང་ལ་སོང། མ་སོང་ན་སུ་ཤི་སུ་གསོན་གྱི་ལས་ཀ་རང་ལས་འགྲོ་ས་མེད་ལབ་ཅེས་བརྗོད་དུས། རྫོང་དཔོན་གྱིས་བརྗོད་དོན། ཁྱོད་ཚོ་ཡར་རྒྱས་གཏོང་བའི་ཆེད་དུ་གློག་ཁང་གསར་རྒྱག་དང་གཞན་ཐབས་ལམ་གང་བཟང་བྱེད་ཀྱི་ཡོད། བཟང་ངན་མ་ཤེས་པ་རང་རེད། ད་ཡིན་ན་ང་ཚོས་ཐབས་ལམ་གཞན་དག་ཐོག་ནས་དམག་མི་གཏོང་རྒྱུ་ཡིན་ལབ་འདུག ཡུལ་མི་རྣམས་ཀྱིས་ག་རེ་བྱེད་རྒྱུ་ཡོད་ན་གྱིས། ང་ཚོ་ཡུལ་འདིའི་མི་གང་ཡོད་ཚང་མ་ཤི་ཡང་འགྱོད་པ་སྤུ་ཙམ་མེད། ཁྱོད་ཚོས་དམག་ཕབ་རྗེས་ང་ཚོས་ཡུལ་མི་གང་ཡོད་བསྡུས་ནས་ཁ་གཏད་ངེས་པར་བྱེད་རྒྱུ་ཡིན། གང་ཡིན་ཟེར་ན། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཆ་ཚང་ང་ཚོ་ལ་ཡོད་ལ་ལྷག་པར་དུ་གནས་རི་འདི་ང་ཚོའི་མཆོད་གནས་ཁྱད་པར་ཅན་ཞིག་ཡིན་ལ། གནས་རི་འདིའི་གནས་བདག་གྱིས་ཁ་འཛིན་སྲུང་སྐྱོབ་ལ་བརྟེན་ནས་འཛམ་གླིང་ཡུལ་གྲུ་གཞན་ལ་མེད་པའི་ཐོན་རྫས་ཕུན་སུམ་ཚོགས་པ་ཡོད་པས་དཔལ་འབྱོར་ཐད་ལ་གཞན་གྱིས་ཡིད་སྨོན་བྱེད་སའི་ལུང་པ་ཞིག་ཆགས་ཡོད། ཆོས་ལུགས་ཐད་ནས་བཤད་ན་མི་མང་གི་འཚོ་རྟེན་དཔལ་འབྱོར་འཕྲོག་བཅོམ་བྱེད་པ་དང་ཁྱད་པར་གང་ཡང་མེད། སྤྱིར་ལུང་པ་འདིར་གློག་ཁང་ཁག་གསུམ་ཙམ་བརྒྱབ་སོང་། དེ་ཚོ་གཏེར་རྫས་འདོན་པའི་ཆེད་ཁོ་ན་ཡིན་པ་མཐོང་གསལ་རེད། མི་མང་ལ་ཕན་ཐོགས་ཆེན་པོ་ཡོད་པ་གཅིག་ཀྱང་བྱུང་མ་སོང་ཟེར་ནས་ཕན་ཚུན་ཉིན་ཤས་རིང་རྩོད་གླེང་བྱས་འདུག
མཐར་རྒྱ་མི་དེ་རྣམས་ཀྱིས་ལས་དཀའ་མཚམས་འཇོག་བྱས་ནས་ཕྱིས་སུ་གནས་དེར་ལས་ཀ་དེ་ལྟར་མི་བྱེད་པ་དང་། དབོར་ཟིན་པའི་གཏེར་རྫས་དེ་རྣམས་རྒྱ་ནག་ལ་ཡོད་ཚུལ་བཤད་ནས་དེ་ཡི་ཚབ་ཏུ་དངུལ་སྤྲོད་རྒྱུ་བྱས་པའི་ཡིག་ཆ་བཞག་ནས། ཕྱི་ཟླ་༩ ཚེས ༢༢ ཉིན་རྒྱ་མི་རྣམས་འཕུད་ཐུབ་པ་བྱུང་འདུག ཡུལ་མི་རྣམས་ཀྱིས་རྫོང་དང་ཤང་ལ་གནས་ཚུལ་འདིའི་རྐྱེན་གྱིས་ཕྱིས་སུ་ཡུལ་མི་འདུ་འཛོམས་ཀྱི་ལས་འགུལ་འགོ་འཁྲིད་མཁན་རྩད་གཅོད་ཀྱིས་གནས་ཚུལ་འདྲ་མིན་བྱུང་ན། མི་མང་རྣམས་ཀྱིས་ཟིང་ཆ་འདི་ལས་ཆེ་བ་ཞིག་སློང་ངེས་ཡིན་ཞེས་དང་། རྙོག་གླེང་གང་ཡང་མ་བྱུང་ན་འདིའི་སྐོར་ཐག་ཆོད་པ་ཡིན་ཞེས་རྒྱ་མི་ཚོ་ལ་བརྗོད་ཡོད་པ་རེད།།
{jcomments on}