དགུ་བཅུ་གསུམ་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ།
ཟླ་འདིའི་ཚེས་༢༦ ཉིན་དྷ་ས་གངས་ཅན་སྐྱིད་གཤོངས་སྤྱི་ཐབ་ཡངས་སྟེང་ཚོགས་ཁང་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང། ཚོགས་ཆེན་དེ་ཉིད་ཚེས་༢༦ ནས་༢༩ བར་འཚོག་རྒྱུ་ཡིན་པ་རེད།
དབུ་འཛུགས་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ངག་དབང་ལྷ་མོ་ལགས་ཕེབས་ནས་གསུང་བཤད་གནང་བ་དང་སྦྲགས། ཆབ་སྲིད་བཙོན་པའི་ལོ་རྒྱུས་དེབ་ཕྲེང་བཅུ་དགུ་པ་དང་ཉི་ཤུ་པ་མི་ཡུལ་གྱི་《བཤས་ར》དང་《ཆོས་སྐྱིད་ཀྱི་མི་ཚེའི་སྐྱིད་སྡུག》ཅེས་པའི་དེབ་གཉིས་དང་། ཆབ་མདོ་རིན་བཟང་གིས་བརྩམས་པའི་《ངའི་ཕ་ཡུལ་དང་ཞི་བའི་བཅིངས་འགྲོལ》 བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལས་བྱེད་ཟླ་བ་ཚེ་རིང་གིིས་བརྩམས་པའི་《ཤར་ཕྱོགས་ཀྱི་རྒྱལ་སྲས་》ཞེས་པའི་༧གོང་ས་མཆོག་གི་མཛད་རྣམ་སྐོར་གྱི་དཔེ་དེབ་བཅས་དབུ་འབྱེད་བྱས་ཡོད་པ་རེད།
དེ་རྗེས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ངག་དབང་ལྷ་མོ་ལགས་ཀྱིས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ཆབ་སྲིད་བཙོན་ཟུར་རྣམས་ལ་སྣེ་ལེན་ད་རོགས་རམ་དང་། སློབ་སྦྱོང་གི་གོ་སྐབས་སྤྲོད་པ། ནད་པ་རྣམས་ལ་སྨན་བཅོས་མཐུན་འགྱུར། ཛ་དྲག་གི་གནས་སྟངས་སྐབས་སུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ། བོད་ནང་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱེད་པ་སོགས་བོད་ཀྱི་རྩ་དོན་ཐད་འབད་བརྩོན་བྱེད་བཞིན་པ་ལ་བསྔགས་བརྗོད་གནང་ཞིང་། ཚོགས་ཆེན་སྐབས་སུ་གྲོས་བསྡུར་ལྷུག་པོ་གནང་ནས་གྲོས་ཆོད་བཞག་པ་རྣམས་ཡིག་ཐོག་ཏུ་འཁོད་པ་ཙམ་མིན་པར་ལག་ལེན་དུ་བསྟར་དགོས་པའི་འབོད་སྐུལ་ཡང་གནང་སོང་།
ཐེངས་འདིའི་དགུ་བཅུ་གསུམ་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའིི་གྲོས་གཞི་ཁག་བདུན་ཡོད་པ་རྣམས་ནི། དང་པོ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལས་བསྡོམས་དང་། རྩིས་ཁྲར་ཞིབ་བཤེར། ཚོགས་ཆེན་ཐེངས་བཞི་པའི་གྲོས་ཆོད་ཁག་ལ་ཞིབ་བཤེར་དང་ལག་ལེན་འཁེལ་བསྡད་མཇུག་སྐྱོང་གནང་ཕྱོགས་སྐོར། གཉིས་པ། རང་ཅག་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱའི་སྐོར། གསུམ་པ། རྒྱ་མིས་བོད་བཙན་བཟུང་བྱས་ནས་མི་ལོ་༦༠ བརྒལ་ཡོད་ཅིང་། ༧གོང་ས་མཆོག་གི་དགོངས་བཞེད་དང་། བོད་གཞུང་གིས་བཟང་སྤྱོད་ཀྱི་གུ་བཤངས་རྣམ་འགྱུར་གང་ཟབ་བསྟན་ཡང་རྒྱ་གཞུང་ནས་ད་བར་བརྡ་ལན་གསལ་ཁ་གང་ཡང་བྱས་མེད་སྟབས། མ་འོངས་བོད་རང་དབང་སླར་གསོའི་ཆེད་ཛ་དྲག་གི་ལག་འགུལ་ཇི་སྤེལ་སྐོར། བཞི་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་འདི་༡༩༩༡ ལོར་བཞུགས་སྒར་དྷ་སར་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༡༩ འཁོར་ཡོད་ཅིང། ད་བར་དམིགས་དོན་གཞིར་བཟུང་ཚགས་ཚུད་དང་ཡར་རྒྱས་གང་འཚམ་བྱུང་ཡོད་ཀྱང་། ཡར་རྒྱས་ལ་མཐའ་མེད་སྟབས་བཙོན་པ་ནང་ཁུལ་གཅིག་སྒྲིལ་དང་ཡར་རྒྱས་གཏོང་ཐབས་ཇི་དགེའི་སྐོར། ལྔ་པ། སྤྱི་སྨན་དགོངས་འཆར། དྲུག་པ། སྒྲིག་གཞི་བསྐྱར་བཅོས་ལ་བཀའ་སྡུར། བདུན་པ། རྒྱུན་ལས་འཕོ་འགྱུར་དང་སྐབས་ལྔ་པའི་རྒྱུན་ལས་གསར་འདེམས་བྱེད་རྒྱུ་བཅས་ཡིན་པ་རེད།།
{jcomments on}