སྤྱི་འཐུས་རྒྱ་རི་སྒྲོལ་མ་ལྷོ་ཕྱོགས་མོན་གྷོར་ཕྱོགས་བསྐྱོད་དུ་ཕེབས་པ།

དེའི་སྐོར་རྒྱ་རི་སྒྲོལ་མ་ལགས་ཀྱིས་གསུང་དོན། ངས་ལོ་བཅུ་དྲུག་ནས་གཞོན་ནུའི་དབུས་ས་གཉིས་ཀྱིས་མཚོན་པའི་གཞུང་སྒེར་གཉིས་ལ་ལོ་མང་རིང་ལས་ཀ་བྱས་པ་ཡིན། དེ་ནས་༧གོང་ས་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་བོད་མི་མང་གིས་འོས་འདེམས་ཐོག་སྤྱི་འཐུས་ལོ་བཅུ་དགུའི་རིང་བྱས་པ་ཡིན། དེ་རིང་རྣམ་པ་ཚོའི་མདུན་ལ་བཀའ་ཁྲིའི་འོས་གཞི་དང་འབྲེལ་བའི་ཐོག་ནས་བཅར་བ་ཡིན། ང་རང་བཀའ་ཁྲི་འོས་ཤོས་ཡིན་ཞེས་རྫིག་རབས་དང་འཇོན་རབས། དེ་བཞིན་ཁྱད་ཆོས་དང་མཛངས་སྤྱོད་སོགས་ཆེར་བགྲང་རྒྱུ་མེད་ཀྱང་ད་ལྟ་བར་༧གོང་ས་མཆོག་དང་བོད་གཞུང་གི་ཅི་གསུང་བཀའ་བསྒྲུབ་ཀྱིས་ཞབས་ཞུ་བྱས་པ་ལས་ཐུགས་དགོངས་དང་འགལ་བའི་ལས་ཀ་སྐད་ཅིག་ཙམ་ཡང་བྱེད་མ་མྱོང་ཞེས་སྤོབས་པ་མཐོན་པོ་སྒོ་ནས་ཞུ་ཐུབ་ཀྱི་ཡོད།

 

gyari dolmaགཞན་ཡང་ངའི་ངོས་ནས་བཀའ་ཁྲི་ཐོབ་དང་ཤོར་ཞེས་པ་མཐོང་གི་མེད། འོན་ཀྱང་ང་ལ་བཀའ་ཁྲི་ཐོབ་ན་བསམ་གྱི་ཡོད། ཟམ་གདོང་རིན་པོ་ཆེ་ལ་ཞུས་པ་ཡིན། སྤྱི་འཐུས་ནང་ལོ་བཅུ་དགུའི་རིང་ལས་ཀ་གང་ཐུབ་ཐུབ་བྱས་ནས་ནུས་པ་ཆ་ཚང་བཏོན་ཟིན་པ་ཡིན། ཡང་བསྐྱར་སྤྱི་འཐུས་སུ་ལངས་ན་ས་མིག་བཀག་རོགས་ལས་མེད་པས། རིན་པོ་ཆེ་ཁྱེད་རང་ལ་མོས་མཐུན་བྱུང་ན་ང་ཁྱེད་རང་མཉམ་དུ་བཀའ་བློན་ལས་རོགས་ལོ་ལྔ་ལ་བྱེད་ཀྱི་ཡིན་ཞེས་ཞུས་པ་ཡིན། ལས་ཀའི་ཆེད་ཡར་མར་ལ་ང་འགྲོ་ཞེས་ལབ་པ་ཡིན། ཟླ་བ་གཅིག་གཉིས་རྗེས་སུ་བཅའ་ཁྲིམས་ལ་འགྱུར་བ་གཏོང་མ་ཐུབ་པས་དེ་མ་བྱུང་བ་རེད། དེ་འདྲ་ཡིན་པས་ངས་བཀའ་ཁྲིར་ལངས་རྒྱུའི་ལམ་ཁ་འདི་བཙལ་བ་ཡིན།

 

རྒྱུ་མཚན་ཆེ་ས་ཆབ་སྲིད་དང་ཆུང་ས་ང་རང་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་སེལ་ཐབས་སོགས་རྒྱ་གར་གཞུང་མང་གཉིས་ལ་ཐུག་ཡོད་པ་རེད་བསམ་གྱི་འདུག དེའི་ཐོག་ངས་དམིགས་བསལ་ལས་ཀ་བྱེད་ཐུབ་པའི་གདེངས་སྤོབས་ཡོད་པ་མ་གཏོགས་གཞན་རྣམ་པ་གསར་པ་དང་འགྱུར་བ་གསར་པ་ཞིག་གཏོང་དགོས་གལ་མཐོང་གི་མེད། དེ་བཞིན་ད་བར་བོད་པའི་སྤྱི་ཚོགས་ཁྲོད་བཀའ་ཁྲིར་ལངས་མཁན་བཅུ་དགུ་ཡོད་པ་རེད། དེའི་ནང་ནས་དྲག་ཤོས་དེ་ལ་ཐོབ་པར་ཤོག་ཅེས་ངས་སྨོན་ལམ་རྒྱག་གི་ཡོད་མ་གཏོགས་ང་སླེབས་པར་ཤོག་ཅེས་སྨོན་ལམ་རྩ་བ་ནས་རྒྱག་གི་མེད། ས་ཆ་དང་ཡུལ་དུས་དཔལ་འབྱོར་སོགས་ཀྱི་གནས་བབ་ལ་བརྟེན་ནས་ཁྱེད་རང་ཚོའི་མདུན་དུ་མི་ཚང་མ་བཅར་ཡང་ཐུབ་ཡོད་པ་མ་རེད། དེར་བརྟེན་དབྱེ་ཞིབ་ཡག་པོ་བྱས་ཐོག་སོ་སོའི་རང་དབང་དང་ཐོབ་ཐང་ཆ་ཚང་ཞིག་བེད་སྤྱོད་བྱས་ནས་འོས་ཤོག་བླུག་རོགས་ཞེས་གསུངས་སོང་།

ཀང་ལྟར་རྒྱ་རི་སྒྲོལ་མ་མཆོག་གིས་མཐར་ཐུག་གི་དམིགས་ཡུལ་ངོ་མ་དེ་བཀའ་ཁྲིའི་ལས་རོགས་བཀའ་བློན་ཞིག་གནང་འདོད་ཡོད་པ་ལྟ་བུ་རེད་འདུག རྒྱུ་མཚན་ཟམ་གདོང་རིན་པོ་ཆེ་ལ་ཞུས་ཟིན་པ་དང་གཞན་ཡང་དྲི་བ་དྲིས་ལན་སྐབས་སུའང་ཁོང་གིས་བཀའ་ཤག་ནང་ནས་ལས་ཀ་ཆེས་དགའ་ཤོས་བདེ་སྲུང་བཀའ་བློན་བྱེད་རྒྱུ་དེ་ཡིན། འོན་ཀྱང་མི་བཞན་པ་ཚོས་ང་ལ་ཁྱེད་རང་ལ་འཚམས་ཤོས་ཕྱི་འབྲེལ་བཀའ་བློན་རེད་ཅེས་ཤོད་ཀྱི་འདུག་ཅེས་གསུངས་དོན་སོགས་ལ་གཞིགས་ན་སླེབས་དགོས་ས་དེ་བཀའ་བློན་ཡིན་པ་ལྟ་བུའི་རྣམ་པ་མངོན་ཡོད་པ་རེད།།                                                          
མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲིས་ཀྱིས།

{jcomments on}